འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ11པའི་ཚེས13ཉིན་གྱི་ཕྱི་དྲོར། གྲོང་ཨུད་ཀྱི་ཧྲུའུ་ཅི་ཀྲོང་ཅིན་སུང་གིས་གྲོང་ཨུད་ཀྱི་ཆེད་དོན་ཚོགས་འདུ་གཙོ་སྐྱོང་གནང་ནས་གྲོང་ཁྱེར་ཡོངས་ཀྱི་རྣམ་གྲངས་ཇུས་འགོད་དང་སྐུལ་འདེད་ལས་དོན་ལ་ཞིབ་འཇུག་དང་བཀོད་སྒྲིག་གནང་ཡོད།
གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཧྲེ་ཀྲང་ལའོ་ཆིན་འུའུ་ཡིས་གྲོང་ཁྱེར་ཡོངས་ཀྱི་རྣམ་གྲངས་ལས་དོན་བཀོད་སྒྲིག་བྱས་ཡོད། ཝང་ཡ་ཏུང་དང་། ལིས་གོ་ཅན། ཝུའུ་དབྱིང་ཧའེ། ཅཱ་ཤིན་ཡུས། སྒྲོལ་དཀར། ཝུའུ་ཅན། ཐོགས་མེད་ཤེས་རབ་བཅས་ཞུགས་ཡོད།
ཀྲོང་ཅིན་སུང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གིས་བོད་ཀྱི་ལས་དོན་ལ་མཐོང་ཆེན་གནང་ནས་བོད་ལ་བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས་བཅས“དོན་ཆེན་བཞི”ཁ་གསལ་བ་བཟོས་པ་དེས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་རྒྱུར་སྒུལ་ཤུགས་ཆེན་པོ་བསྣན་ཡོད། ཧྲུའུ་ཅི་ཝང་ཅུན་ཀྲེང་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ཐོག་མཐའ་བར་གསུམ་དུ་སྤུས་ཚད་མཐོ་བའི་འཕེལ་རྒྱས་གཏོང་རྒྱུ་དེ་དུས་རབས་གསར་པའི་གནས་ལུགས་གལ་ཆེན་ཞིག་ཏུ་བརྩིས་ཏེ“རྣམ་གྲངས་ནི་གནས་དང་། ཐོན་ལས་ནི་ཐིག དཔལ་འབྱོར་ནི་ངོས”བཅས་སུ་བརྩིས་ནས་མཉམ་དུ་ཤུགས་འདོན་རྒྱུ་བླང་བྱ་བཏོན་པ་དེས་ང་ཚོས་ལས་གཞི་ཇུས་འགོད་དང་སྐུལ་འདེད་གཏོང་བའི་ལས་དོན་ཡག་པོ་བསྒྲུབ་རྒྱུར་བྱ་ཐབས་དང་ཐབས་ལམ་མཁོ་འདོན་བྱས་ཡོད། རིམ་པ་ཁག་དང་ཚན་པ་ཁག་གིས་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་།
རང་སྐྱོང་ལྗོངས་ཏང་ཨུད་ཀྱི་དཔལ་འབྱོར་ལས་དོན་བཀོད་སྒྲིག་ལག་བསྟར་དོན་ཐོག་ཏུ་འཁྱོལ་བ་བཅས་བྱས་ཏེ། རྣམ་གྲངས་ཀྱིས་དཔལ་འབྱོར་འཕེལ་རྒྱས་ཀྱི་རྨང་གཞི་རང་བཞིན་དང་། འདེགས་སྐྱོར་རང་བཞིན་གྱི་ནུས་པ་འདོན་སྤེལ་བྱས་ནས་ལས་ཀའི་སྒྲིག་གཞི་སྔར་བས་འཐུས་ཚང་དུ་གཏོང་བ་དང་། ལས་ཀའི་བརྒྱུད་རིམ་ལེགས་སུ་བཏང་སྟེ། དཔལ་འབྱོར་འཕེལ་རྒྱས་མིག་སྔར་གསོན་ཤུགས་ལྡན་པ་དང་འབྱུང་འགྱུར་མི་མངོན་པའི་སྟོབས་ཤུགས་ལྡན་པའི་འགན་ལེན་བྱེད་དགོས་པའི་ནན་བཤད་གནང་ཡོད།
ཀྲོང་ཅིན་སུང་གིས་རྣམ་གྲངས་ཀྱི་ཚོད་སྐོར་དང་སྔོན་གྲབས་ལས་དོན་ཏན་ཏིག་ངང་ཡག་པོ་སྒྲུབ་དགོས། གྲོང་ཁྱེར་སྲིད་གཞུང་ཏང་ཙུའུ་ཡིས་རྣམ་གྲངས་ཀྱི་མ་འཇོག་གྲངས་ཚད་ལྟར་རིམ་དབྱེའི་ཚོད་སྐོར་གྱི་ཚད་གཞི་བཟོ་བ་དང་། ཐོག་མའི་དཔྱད་ཞིབ་བྱས་པའི་རྣམ་གྲངས་ཚད་ལྡན་གཏོང་བ། དུས་བཀག་ཐོག་དུས་འགོའི་ལས་དོན་སྤེལ་བ། རྣམ་གྲངས་ཀྱི་ས་ཆ་འདེམས་པ་དང་། ས་ཆ་སྤྱོད་པ། ཁོར་ཡུག་གདེང་འཇོག་སོགས་སྔོན་སྒྲིག་ཆ་རྐྱེན་ཁག་དོན་འཁྱོལ་དམ་འཛིན་བཅས་བྱས་ཏེ། རང་སྐྱོང་ལྗོངས་ཐིང་ཅུད་ཁག་དང་འབྲེལ་མཐུད་བྱས་ནས་གཉེར་སྒྲུབ་བྱེད་ཤུགས་ཆེ་རུ་བཏང་སྟེ་འཆར་གཞི་ཡོད་པ་དང་ལས་འགོ་མ་བཙུགས་གོང་སྒྲུབ་ཐུབ་པ་བྱས་ནས་རྣམ་གྲངས་གང་མགྱོགས་ལས་འགོ་འཛུགས་ཐུབ་པའི་འགན་ལེན་བྱེད་དགོས། རྣམ་གྲངས་ལག་བསྟར་དང་དོ་དམ་བྱེད་རྒྱུར་སྐུལ་འདེད་གཏོང་དགོས།“གཞུང་དྲང་དང་ཁ་དན་ཚིག་ལ་གནས་པ་དང་མཉམ་ལས་གཉིས་ཕན”གྱི་རྩ་དོན་གཞིར་བཟུང་ཀྲུང་དབྱང་ཁེ་ལས་དང་དམངས་གཉེར་ཁེ་ལས་རྣམ་གྲངས་འཛུགས་སྐྲུན་ནང་ཞུགས་རྒྱུར་བསྡུ་ལེན་ཧུར་ཐག་བྱེད་པ་དང་ཚན་རྩལ་ཁྱབ་གདལ་བེད་སྤྱོད་གཏོང་ཤུགས་ཆེ་རུ་བཏང་ནས་ན་གཞོན་ཚན་རྩལ་ཤེས་ལྡན་མི་སྣའི་སྟོབས་ཤུགས་ཁག་གཅིག་གསོ་སྐྱོང་དང་བེད་སྤྱོད་གཏོང་དགོས། ཚན་པ་ཁག་དང་རྫོང་(ཆུས)ཁག་གིས་མཐུན་སྦྱོར་གཞོགས་འདེགས་དང་མ་ལག་ནུས་ཤུགས་བཏོན་ནས་དུས་བཀག་ཐོག་རྣམ་གྲངས་ལས་དོན་ལ་ཞིབ་འཇུག་བྱས་ཏེ་བླང་བྱ་གསར་པ་དང་སྲིད་ཇུས་གསར་པ་སློབ་སྦྱོང་ཡག་པོ་དང་དོན་འཁྱོལ་ཡག་པོ་བྱས་ནས་རྣམ་གྲངས་སྐུལ་སྤེལ་བྱེད་པའི་བརྒྱུད་རིམ་ནང་འཕྲད་པའི་དཀའ་ངལ་དང་གནད་དོན་དུས་ཐོག་ཏུ་མཐུན་སྦྱོར་ཐག་གཅོད་བྱས་ཏེ་རྣམ་གྲངས་འཛུགས་སྐྲུན་གྱི་སྤུས་ཚད་དང་། འཕེལ་རིམ། ཕན་འབྲས་བཅས་འགན་ལེན་ཏན་ཏིག་བྱེད་དགོས། ལས་གཞིར་ལྟ་སྐུལ་དང་སྤྱོད་གཙང་བྱེད་ཤུགས་ཆེ་རུ་གཏོང་དགོས། ལམ་ལུགས་འཁོར་སྐྱོད་དང་བརྒྱུད་རིམ་ལ་ལྟ་སྐུལ་བྱེད་ཤུགས་ཆེ་རུ་བཏང་ནས་རྣམ་གྲངས་གཙོ་གཉེར་སྡེ་ཚན་གྱིས་རྣམ་གྲངས་འཛུགས་སྐྲུན་གྱི་བདེ་འཇགས་འགག་སྒོ་དང་སྤུས་ཚད་ཀྱི་འགག་སྒོ་ནན་པོ་སྲུང་བ་དང་དོ་དམ་ཞབས་ཞུའི་སྤུས་ཚད་མཐོ་རུ་གཏོང་དགོས། ཏང་ཨུད་དང་སྲིད་གཞུང་གི་ལྟ་ཞིབ་ཁང་གིས་རྣམ་གྲངས་ལས་དོན་ལ་དུས་བཀག་ལྟར་ལྟ་ཞིབ་བྱ་དགོས། སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་ལས་ཁུངས་ཀྱིས་ལས་གཞི་གལ་ཆེན་དོན་འཁྱོལ་བྱེད་པར་སྒྲིག་ཁྲིམས་ཀྱི་ལྟ་སྐུལ་ལ་ཤུགས་སྣོན་རྒྱག་དགོས། རིམ་པ་ཁག་དང་ཚན་པ་ཁག་གིས་དེ་བས་ནན་པའི་ལས་ཀའི་སྒྲིག་ཁྲིམས་དང་ལྕགས་ལ་ཤུར་ཐོན་པ་དང་རྡོ་ལ་རྗེས་ཐོན་གྱི་ལས་ཀའི་སྤྱོད་ཚུལ་ཐོག་ནས་ལས་དོན་ཁག་དོན་ཐོག་ཏུ་འཁྱོལ་བ་བྱེད་པ་དང་དངོས་སྒྲུབ་ནུས་ཆེའི་སྲིད་དོན་ཁོར་ཡུག་དང་། སྤུས་ལེགས་དང་སྟབས་བདེའི་མ་འཇོག་ཁོར་ཡུགགཞུང་དྲང་དང་གོ་རིམ་ལྡན་པའི་ཁྲོམ་རའི་ཁོར་ཡུག་བཅས་གཏོད་རྒྱུར་གཞོལ་ནས་ལེགས་ལ་ལེགས་པའི་རྣམ་གྲངས་ལ་སྐུལ་འདེད་གཏོང་ཚུལ་དང་དོན་འཁྱོལ་ཕན་འབྲས་ལ་བརྟེན་ནས་གྲོང་ཁྱེར་ཡོངས་ཀྱི་དཔལ་འབྱོར་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་པའི་བླང་བྱ་བཏོན་ཡོད།

