国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2024年11月19日

ཀྲོང་ཅིན་སུང་གིས་སུན་གོ་ཅུན་དང་བཞུགས་མོལ་གནང་བ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ11པའི་ཚེས14ཉིན་གྱི་ཕྱི་དྲོར། གྲོང་ཨུད་ཀྱི་ཧྲུའུ་ཅི་ཀྲོང་ཅིན་སུང་གིས་ཀྲུང་གོ་ཤར་ཕྱོགས་གློག་ཤུགས་ཚོགས་པ་ཚད་ཡོད་ཀུང་སིའི་ཏང་ཙུའི་ཁོངས་མི་སྤྱི་ཁྱབ་ཅིང་ལི་གཞོན་པ་སུན་གོ་ཅུན་དང་བཞུགས་མོལ་གནང་ནས་ཕྱོགས་གཉིས་ཀྱི་མཉམ་ལས་ལ་སྔར་བས་ཤུགས་སྣོན་རྒྱག་རྒྱུའི་ཐད་སྤེལ་རེས་གཏིང་ཟབ་བྱས་ཡོད།

ཚོགས་འདུ་མ་འཚོགས་གོང་། ཆབ་མདོ་གྲོང་ཁྱེར་གྱིས་ཤར་ཕྱོགས་གློག་ཤུགས་ཚོགས་པ་དང་མཉམ་ལས་གྲོས་མཐུན་ལ་མིང་རྟགས་བཀོད་པ་རེད། གྲོས་མཐུན་ལྟར་ཤར་ཕྱོགས་གློག་ཤུགས་རླུང་གློག་མ་རྐང་ཚད་ཡོད་ཀུང་སིའི་རླུང་གློག་སྒྲིག་སྦྱོར་བཟོ་སྐྲུན་རྣམ་གྲངས་ཆབ་མདོའི་ཁུལ་གསར་དུ་བཅའ་སྡོད་བྱས་པ་དང་། ཕྱོགས་གཉིས་ཀྱིས་ནུས་རྒྱུ་གཙང་མའི་རྣམ་གྲངས་གསར་སྤེལ་ཐད་མཉམ་ལས་གཏིང་ཟབ་བྱ་རྒྱུ་ཡིན་པ་རེད། གྲོང་ཁྱེར་གྱི་འགོ་ཁྲིད་ལའོ་ཆིན་འུའུ་དང་། ཝུའེ་ཤིན་ཀུའེ། ལིས་གོ་ཅན། ཅཱ་ཤིན་ཡུས་བཅས་ཀྱིས་གྲོས་མཐུན་ལ་མིང་རྟགས་བཀོད་པ་མ་ཟད་བཞུགས་མོལ་ཚོགས་འདུའི་ནང་ཞུགས་ཡོད།

བཞུགས་མོལ་ཚོགས་འདུའི་ཐོག་ཀྲོང་ཅིན་སུང་གིས་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གི་ཚབ་ཞུས་ནས་ཤར་ཕྱོགས་གློག་ཤུགས་ཚོགས་པས་དུས་ཡུན་རིང་པོའི་ནང་ཆབ་མདོར་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་པ་རེད། ཁོང་གིས་ཆབ་མདོ་གྲོང་ཁྱེར་གྱིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་ལ་ལག་བསྟར་གཏིང་ཟབ་བྱས་ཏེ།“དོན་ཆེན་བཞིར”དམིགས་པ་དང་།“འཛུགས་གཏོད་བཞིར”དམ་པོར་དམིགས་པ།“གསར་བརྗེའི་ཆབ་མདོ། འབད་འབུངས་དར་རྒྱས”ཞེས་པའི་དམངས་ཡོངས་ཀྱི་བྱེད་སྒོ་སྤེལ་རྒྱུར་ཇུས་འགོད་བྱེད་པ། ནུས་རྒྱུ་གཙང་མ་དང་། འབྱུང་འཕྲོད་གཏེར་ལས། རིག་གནས་ཡུལ་སྐོར་ཐོན་ལས་བཅས་སྣེ་ཁྲིད་དུ་བཟུང་བ། ཕྱོགས་བསྡུས་རང་བཞིན་གྱི་འགྲིམ་འགྲུལ་ལྟེ་གནས་དང་ཞིང་འབྲོག་ལས་གཙོ་གནད་དུ་བྱེད་པའི་ཐོན་ལས་མ་ལག་གང་ལེགས་བཟོ་བ། ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱིས་དཔེ་སྟོན་གྲོང་ཁྱེར་ལ་སྣེ་ཁྲིད་བྱེད་པ་བཅས་བྱས་ཏེ་ཆབ་མདོའི་ས་ཁོངས་གཅིག་གི་འཕེལ་རྒྱས་ཀྱིས་རྒྱལ་ཡོངས་དང་ལྗོངས་ཡོངས་ཀྱི་ལས་ཀའི་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བར་འབད་བརྩོན་བྱེད་བཞིན་ཡོད། བློ་མཐུན་སུན་གོ་ཅུན་གྱིས་སྣེ་ཁྲིད་གནང་བའི་ལས་དོན་ཚོགས་ཆུང་ཆབ་མདོར་བསྐྱོད་དེ་གྲོས་མཐུན་བཞག་སྟེ་ཆབ་མདོར་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བའི་ཐོག་ནས་ཤར་ཕྱོགས་གློག་ཤུགས་ཚོགས་པའི་ཚད་མཐོའི་ཆབ་སྲིད་ཀྱི་ཚུགས་གནས་དང་འགན་འཁྲི་འཁུར་སེམས་ཆེན་པོ་གང་ལེགས་མཚོན་ཡོད་ལ། བྱ་སྤྱོད་ངོ་མའི་ཐོག“ཀྲུང་དབྱང་ཁེ་ལས་ཀྱི་རུས་ཏང་དང་གཞུང་ཁོངས་ཁེ་ལས་ནི་རྒྱལ་ཁབ་ཀྱི་དོན་དུ་ཡིན་པའི”རྩ་བའི་ངོ་བོ་ལག་ལེན་བསྟར་ཡོད་ཅེས་བསྟན།

ཀྲོང་ཅིན་སུང་གིས་བོད“ཤར་གྱི་སྒོ་ཆེན”དུ་གྲགས་པའི་ཆབ་མདོ་ནི་བོད་འདི་ཉིད་མཐའ་འཁོར་གྱི་དཔལ་འབྱོར་ཁུལ་ནང་འཇུག་སྒོ་གལ་ཆེན་དང་སྒོ་དབྱེའི་ལྟེ་གནས་ཤིག་ཡིན་ལ། ས་ཁོངས་ནང་ལོགས་སུ་འབྲི་ཆུ་དང་ཟླ་ཆུ། རྒྱལ་མོ་རྔུལ་ཆུ་སོགས་ཆུ་ཆེན་གསུམ་ཡོད་པས་ནུས་རྒྱུ་གསར་པའི་ཐོན་ཁུངས་དང་ཡུལ་གྱི་དགེ་མཚན་ཆེས་ཆེར་མངའ་བས་ནུས་རྒྱུ་གསར་སྤེལ་གྱི་གཏིང་ཤུགས་ཧ་ཅང་ཆེན་པོ་ཡོད། ཤར་ཕྱོགས་གློག་ཤུགས་ཚོགས་པ་ནི་གློག་ཤུགས་སྒྲིག་ཆས་བཟོ་སྐྲུན་ལས་རིགས་ཀྱི་སྣེ་ཁྲིད་ཁེ་ལས་ཤིག་ཡིན་པ་དང་ཕྱོགས་གཉིས་པོས་མཉམ་ལས་གཏིང་ཟབ་ཏུ་གཏོང་བའི་རྨང་གཞི་བརྟན་པ་དང་མདུན་ལམ་རྒྱ་ཆེན་པོ་ཡོད། ཤར་ཕྱོགས་གློག་ཤུགས་ཚོགས་པས་སྔར་བཞིན་ཆབ་མདོའི་ལས་དོན་ལ་རྒྱབ་སྐྱོར་བྱེད་པ་དང་། ནུས་རྒྱུའི་སྒྲིག་ཆས་ཞིབ་འཇུག་གསར་སྤེལ་དང་བཟོ་སྐྲུན་གྱི་ལེགས་ཆ་འདོན་སྤེལ་བྱེད་པ། ས་མཐོའི་སྒྲིག་ཆས་བཟོ་སྐྲུན་ལས་རིགས་ཀྱི་བཀོད་ཇུས་ལ་སྐུལ་འདེད་མགྱོགས་སུ་གཏོང་བ། ཆབ་མདོའི་དྭངས་གཙང་ནུས་རྒྱུའི་རྣམ་པ་མང་པོ་ཞིག་སྤྱོད་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། ལྗོངས་ཡོངས་ཀྱིས་དྭངས་གཙང་ནུས་རྒྱུའི“རྟེན་གཞི་གཅིག་དང་དཔེ་སྟོན་གཉིས”མགྱོགས་མྱུར་བསྐྲུན་རྒྱུར་ལེགས་སྐྱེས་ཧུར་ཐག་འབུལ་དགོས། ཆབ་མདོས་ཚོང་གཉེར་ཁོར་ཡུག་རྒྱུན་ཆད་མེད་པར་ལེགས་སུ་བཏང་སྟེ། ཁེ་ལས་ཀྱིས་ཆབ་མདོར་མ་དངུལ་བཞག་ནས་ལས་རིགས་སྤེལ་བར་སྤུས་ཚད་ཞབས་ཞུ་མཁོ་འདོན་དང་ཆ་རྐྱེན་བཟང་པོ་བསྐྲུན་རྒྱུ་ཡིན་ཞེས་བསྟན།

སུན་གོ་ཅུན་གྱིས་ཆབ་མདོ་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་དུས་ཡུན་རིང་པོའི་ནང་ཤར་ཕྱོགས་གློག་ཤུགས་ཚོགས་པར་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་འབྲེལ། ཀྲུང་གོ་ཤར་ཕྱོགས་གློག་ཤུགས་ཚོགས་པའི་འཕེལ་རྒྱས་ཀྱི་ལོ་རྒྱུས་ངོ་སྤྲོད་མདོར་བསྡུས་གནང་བ་རེད།