བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་སྤྱི་བསྒྲགས།
〔2024〕ཡིག་ཨང་10པ།
《དུས་རབས་གསར་པའི་ཞིབ་དཔྱོད་ལས་ཁུངས་ཀྱི་བཅའ་ཁྲིམས་ལྟ་སྐུལ་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཆོད་དོན》འདི་2024ལོའི་ཟླ་7ཚེས་31ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཅུ་གཅིག་པའི་ཐོག་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་དོན་བཞིན་ད་ལྟ་ཁྱབ་བསྒྲགས་བྱ་རྒྱུ་དང་2024ལོའི་ཟླ་8ཚེས་1ཉིན་ནས་ལག་བསྟར་བྱ་རྒྱུར་དམིགས་སུ་སྤྱི་བསྒྲགས་འདི་སྤེལ་བ་ཡིན།
བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ནས།
2024ལོའི་ཟླ་7ཚེས་31ལ།
དུས་རབས་གསར་པའི་ཞིབ་དཔྱོད་ལས་ཁུངས་ཀྱི་བཅའ་ཁྲིམས་ལྟ་སྐུལ་ལས་དོན་ལ་སྔར་བས་ཤུགས་སྣོན་བརྒྱབ་སྟེ་ཞིབ་དཔྱོད་ལས་ཁུངས་ཀྱི་བཅའ་ཁྲིམས་ལྟ་སྐུལ་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་། བཅའ་ཁྲིམས་ལྟ་སྐུལ་གྱི་སྤུས་ཚད་དང་ཕན་འབྲས་ཕྱོགས་ཡོངས་ནས་ཆེ་རུ་གཏོང་བ། ཞིབ་དཔྱོད་ལས་ཁུངས་ཀྱིས་ཁྲིམས་ལྟར་བཅའ་ཁྲིམས་ཀྱི་ལྟ་སྐུལ་འགན་འཁྲི་སྒྲུབ་པར་འགན་སྲུང་དང་རྒྱབ་སྐྱོར་བཅས་བྱས་ཏེ་བོད་ལྗོངས་འདི་ཉིད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་གོང་འཕེལ་ཡོང་བར་ཞབས་འདེགས་ཞུ་བ་དང་འགན་སྲུང་བྱེད་ཆེད། འབྲེལ་ཡོད་བཅའ་ཁྲིམས་དང་གཏན་འབེབས་གཞིར་བཟུང་རང་ལྗོངས་ཀྱི་དོན་དངོས་དང་ཟུང་འབྲེལ་གྱིས་གཏན་འབེབས་བཟོས་པ་གཤམ་གསལ་ཏེ།
གཅིག ཞིབ་དཔྱོད་ལས་ཁུངས་ཀྱིས་ངེས་པར་དུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་ལག་བསྟར་གཏིང་ཟབ་བྱེད་པ་དང་། བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་བྱས་ཏེ། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་ཞིང་། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱེད་དགོས། ཏང་གིས་ཞིབ་དཔྱོད་ལས་དོན་ལ་འགོ་ཁྲིད་གཙང་བཙན་བྱ་རྒྱུ་མཐའ་འཁྱོངས་དང་། མི་དམངས་ལྟེ་བར་འཛིན་པའི་གོང་འཕེལ་གྱི་བསམ་བློ་མཐའ་འཁྱོངས་བྱས་ནས“དོན་ཆེན་བཞིར”དམ་པོར་དམིགས་པ་དང“འཛུགས་གཏོད་བཞིར”ནུས་ཤུགས་གཅིག་སྒྲིལ་གྱིས་རིམ་པ་འདི་གའི་མི་དམངས་འཐུས་མི་ཚོགས་ཆེན་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལྟ་སྐུལ་རང་འགུལ་ངང་དང་ལེན་བྱེད་པ་དང་། སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ་དང་དམངས་དོན་དུ་ཁྲིམས་འཛིན་བྱེད་པ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་དེ་ཞིབ་དཔྱོད་འགན་སྒྲུབ་ཀྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱེད་དགོས། ཉེས་དོན་དང་། དམངས་དོན། སྲིད་འཛིན། སྤྱི་ཕན་གཏུག་བཤེར་སོགས་ཞིབ་དཔྱོད་ཀྱི་འགན་ནུས་ཁྲིམས་ལྟར་བསྒྲུབས་ནས་ཞིབ་དཔྱོད་ལས་དོན་ཁག་ཕྱོགས་ཡོངས་དང་། མཐུན་སྦྱོར་གང་ལེགས་ཀྱི་སྒོ་ནས་གོང་འཕེལ་ཡོང་བ་བྱེད་པ་དང་། བཅའ་ཁྲིམས་ཀྱི་ལྟ་སྐུལ་ནུས་པ་དང་ཆུ་ཚད་མཐོ་རུ་གང་ཐུབ་གཏོང་བ། སྤྱི་ཚོགས་ཀྱི་ཁྲིམས་སྐྱོང་འདུ་ཤེས་ལ་ཁྲིད་སྟོན་ཧུར་ཐག་བྱེད་པ། སྤྱི་ཚོགས་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པར་ཁྲིམས་སྐྱོང་གི་འགན་སྲུང་བྱེད་དགོས།
གཉིས། ཞིབ་དཔྱོད་ལས་ཁུངས་ཀྱིས་ངེས་པར་དུ་སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་མཐའ་འཁྱོངས་བྱས་ཏེ། རྒྱལ་ཁབ་ཁ་ཕྲལ་གཏོང་བ་དང་མི་རིགས་མཐུན་སྒྲིལ་ལ་གཏོར་བཤིག་གཏོང་བ་སོགས་རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་འཚེ་བཟོ་བའི་ཉེས་གསོག་ལ་འགོག་ཟོན་མཐའ་གཅིག་ཏུ་བྱེད་པ་དང་ཁྲིམས་ལྟར་ཉེས་ཆད་གཅོད་དགོས་པ་དང་། ཆོས་ལུགས་ཀྱི་མཐར་འཛིན་ཕྱོགས་གཏོགས་དང་ཆོས་ལུགས་སྤྱད་དེ་ཉེས་པ་སྣ་ཚོགས་གསོག་པར་འགོག་ཟོན་མཐའ་གཅིག་ཏུ་བྱེད་པ་དང་ཁྲིམས་ལྟར་ཉེས་ཆད་གཅོད་དགོས། ནག་སེལ་གཤེད་བཅོམ་གྱི་འཐབ་རྩོད་ལ་རྒྱུན་རྣམ་ཅན་གྱིས་སྐུལ་འདེད་བཏང་ནས་ནག་ཚོགས་སྟོབས་ཤུགས་དང་དེའི“སྲུང་གདུགས”རྒྱབ་རྩར་ཁྲིམས་ལྟར་ཉེས་ཆད་གཅོད་དགོས། དྲ་ཐོག་ཉེས་གསོག་ལ་ཁྲིམས་ལྟར་ཉེས་ཆད་གཅོད་པ་དང་སྔོན་འགོག་ནུས་ལྡན་བྱེད་དགོས།
གསུམ། ཞིབ་དཔྱོད་ལས་ཁུངས་ཀྱིས་ངེས་པར་དུ་གོང་འཕེལ་གྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། ཡང་དག་པ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར་དང་“མངོན་པ་གསུམ་དང་ཕན་ཡོད་གཅིག”གི་སྤྱིའི་བླང་བྱ་དོན་འཁྱོལ་བྱས་ཏེ་སྤུས་འབྲས་ལེགས་པའི་ཁྲིམས་འཛིན་གྱིས་སྤུས་ཚད་མཐོ་བའི་གོང་འཕེལ་ལ་ཞབས་ཞུ་སྒྲུབ་དགོས། ས་མཐོའི་ཁྱད་ལྡན་ཐོན་ལས་གོང་འཕེལ་དང་། རྣམ་གྲངས་གལ་ཆེན་འཛུགས་སྐྲུན། གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་ལག་བསྟར། མཐའ་བརྟན་མཐའ་དར་དམངས་ཕྱུག་གི་བྱ་སྤྱོད་སོགས་ལ་དམིགས་ཏེ་ཞིབ་དཔྱོད་ལས་དོན་གྱི་འཇུག་སྒོ་དང་། འབྲེལ་ཆོས། ཤུགས་རྒྱག་ས་བཅས་གནད་འཁེལ་འཚོལ་དགོས། ཁེ་ལས་ཀྱི་བདག་དབང་དང་ཁེ་ལས་པའི་ཁེ་དབང་ལ་ཁྲིམས་ལྟར་སྲུང་སྐྱོབ་བྱས་ཏེ་དམངས་གཉེར་ཁེ་ལས་དང་ཁེ་ལས་པར་སྲུང་སྐྱོབ་བྱེད་ཤུགས་ཆེ་རུ་གཏོང་དགོས། ཤེས་རིག་བདག་དབང་ལ་ཁྲིམས་འཛིན་གྱིས་སྲུང་སྐྱོབ་བྱེད་ཤུགས་ཆེ་རུ་བཏང་ནས་ཁྲིམས་སྐྱོང་ཅན་གྱི་ཚོང་གཉེར་ཁོར་ཡུག་གཏོད་པར་ཤུགས་རྒྱག་དགོས།
བཞི། ཞིབ་དཔྱོད་ལས་ཁུངས་ཀྱིས་ངེས་པར་དུ་སྐྱེ་ཁམས་སྲུང་སྐྱོབ་ཨང་དང་པོར་འཇོག་རྒྱུ་མཐའ་འཁྱོངས་ཀྱིས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། སྐྱེ་ཁམས་སྲུང་སྐྱོབ་ཀྱི་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ་ཁོར་ཡུག་ཐོན་ཁུངས་ཀྱི་ཉེས་གསོག་ལ་ཁྲིམས་ལྟར་ཉེས་ཆད་གཅོད་དགོས། “ཆུ(མཚེའུ)ནགས་དཔོན+ཞིབ་དཔྱོད་དཔོན+ཉེན་རྟོག་དཔོན”བཅས་ཀྱི་རོགས་རེས་ལམ་སྲོལ་དོན་འཁྱོལ་གཏིང་ཟབ་བྱས་ཏེ་ཁྲིམས་སྒྱུར་དང་ཁྲིམས་འཛིན་རོགས་རེས་མཉམ་འགུལ་བྱེད་ཤུགས་ཆེ་རུ་བཏང་ནས་ཁོར་ཡུག་ཐོན་ཁུངས་ཀྱི་ཕྱོགས་བསྡུས་བཅོས་སྐྱོང་ནུས་པ་ཆེ་རུ་གཏོང་དགོས།
ལྔ། ཞིབ་དཔྱོད་ལས་ཁུངས་ཀྱིས་ངེས་པར་དུ་ཉེས་དོན་དང་། དམངས་དོན། སྲིད་འཛིན། སྤྱི་ཕན་གཏུག་བཤེར་སོགས་ཀྱི་ཞིབ་དཔྱོད་འགན་ནུས་མཐའ་མཚམས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་སྤྱི་ཡོངས་སུ་མཉམ་འདྲེས་ཡོང་བར་སྐུལ་འདེད་ཧུར་ཐག་བཏང་ནས་མཐའ་མཚམས་ཀྱི་ཁྲིམས་སྒྱུར་སྡེ་ཚན་དང་རོགས་ལས་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་མཐའ་མཚམས་ཀྱི་བདེ་འཇགས་ལ་གནོད་འཚེ་བཟོ་བ་དང་མཐའ་མཚམས་ས་ཁུལ་གྱི་དཔལ་འབྱོར་གོང་འཕེལ་ལ་འགོག་རྐྱེན་བཟོ་བའི་ཉེས་གསོག་ལ་ཁྲིམས་ལྟར་ཉེས་ཆད་གཅོད་དགོས་པ་དང་། ཞིབ་དཔྱོད་ཞབས་ཞུ་ཁག་གསར་གཏོད་གཏིང་ཟབ་བྱེད་དགོས། དམག་དཔུང་དང་ས་གནས་ཞིབ་དཔྱོད་ལས་ཁུངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་ཐུན་མོང་ཐོག་མཐའ་མཚམས་ཀྱི་བདེ་འཇགས་དང་དམག་མིའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོབ་བྱེད་དགོས། ཕྱི་འབྲེལ་གྱོད་གཞི་ཐག་གཅོད་དང་ཉེས་དོན་ཁྲིམས་འཛིན་གྱི་རམ་འདེགས་ལས་ཀར་ཤུགས་སྣོན་རྒྱག་དགོས།
དྲུག ཞིབ་དཔྱོད་ལས་ཁུངས་ཀྱིས་ངེས་པར་དུ་དུས་རབས་གསར་པའི“ཧྥེང་ཆའོ་ཡི་ཉམས་མྱོང་”མཐའ་འཁྱོངས་དང་གོང་འཕེལ་བཏང་ནས་གཏུག་བཤེར་གྱི་འབྱུང་རྩ་བཅོས་སྒྲིག་གཏིང་ཟབ་བྱ་རྒྱུར་རམ་འདེགས་བྱེད་དགོས། བཅའ་ཁྲིམས་དང་གཏུག་བཤེར་དང་འབྲེལ་བ་ཡོད་པའི་ཡིག་འབུལ་ཞུ་བཅར་གྱི་ལས་དོན་ཏན་ཏིག་ངང་ཡག་པོར་བསྒྲུབས་ནས་རྒྱལ་ཁབ་ཀྱི་ཁྲིམས་འཛིན་རོགས་སྐྱོབ་དང་། དཔང་ཉན་ཡོངས་བསྒྲགས། ཞུ་གཏུག་རྒྱབ་སྐྱོར་སོགས་ཀྱི་ལས་དོན་ཁྲིམས་ལྟར་སྒྲུབ་དགོས། ཞིབ་དཔྱོད་ཞབས་ཞུའི་ལྟེ་གནས་12309ཡི་བྱེད་ནུས་ལེགས་སུ་གཏོང་བ་དང་། འགལ་ཟླ་དང་རྩོད་གཞི་སེལ་ཐབས་སྣ་ཚོགས་ཀྱི་མ་ལག་འཛུགས་སྐྱོང་ནང་ཧུར་ཐག་ཞུགས་ནས་བཅའ་ཁྲིམས་གཏུག་བཤེར་དང་འབྲེལ་བ་ཡོད་པའི་འགལ་ཟླ་དང་རྩོད་གཞི་ཁྲིམས་ལྟར་སེལ་དགོས། བཅའ་ཁྲིམས་ཁྱབ་གདལ་གཏོང་བའི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་བྱས་ནས་བཅའ་ཁྲིམས་ཀྱི་ཡིག་རིགས་ལ་བརྟེན་ནས་གནས་ལུགས་བརྗོད་པ་དང་གྱོད་དཔེ་དྲངས་ནས་བཅའ་ཁྲིམས་ལ་འགྲེལ་བཤད་རྒྱག་པའི་ལས་དོན་ཡག་པོར་སྒྲུབ་པ་དང་། དཔེ་མཚོན་གྱོད་གཞི་ཁྱབ་བསྒྲགས་དང་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་གཏོང་བ། སྤྱི་ཚོགས་ཀྱི་སྤྱི་དམངས་ཞིབ་དཔྱོད་ལས་དོན་ནང་ཞུགས་པའི་ལམ་སྲོལ་འཐུས་ཚང་དུ་ཧུར་ཐག་གཏོང་བ་བཅས་བྱས་ཏེ། བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་དེ་ཞིབ་དཔྱོད་ལས་ཀའི་བརྒྱུད་རིམ་ཁག་ཏུ་དོན་འཁྱོལ་ཡོང་བར་བྱེད་དགོས།
བདུན། ཞིབ་དཔྱོད་ལས་ཁུངས་ཀྱིས་ངེས་པར་དུ་ཉེས་དོན་ཞིབ་དཔྱོད་ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་། གུ་ཡངས་དང་ནན་པོ་ཟུང་དུ་འབྲེལ་བའི་ཉེས་དོན་སྲིད་ཇུས་ཁྱོན་ཡོངས་ནས་དོན་འཁྱོལ་ཡང་དག་བྱས་ཏེ་བྱས་ཉེས་ངོས་ལེན་དང་ཉེས་ཆད་ཁས་ལེན་བྱས་ཚེ་གུ་ཡངས་གཏོང་བའི་ལམ་ལུགས་ཁྲིམས་ལྟར་ལག་བསྟར་བྱེད་དགོས།
ཞིབ་དཔྱོད་ལས་ཁུངས་ཀྱིས་ངེས་པར་དུ་ཉེས་དོན་གྱི་གྱོད་དོན་ཐོ་འགོད་དང་། མྱུལ་ཞིབ་བྱེད་སྒོ། འདྲི་གཅོད་བྱེད་སྒོ་བཅས་ལ་ལྟ་སྐུལ་བྱེད་ཤུགས་ཆེ་རུ་བཏང་ནས་སྤྱི་དམངས་ཀྱི་མི་ལུས་ཁེ་དབང་དང་འབྲེལ་བ་ཡོད་པའི་བཙན་ཤེད་ཀྱི་བྱེད་ཐབས་དང་དེ་བཞིན་སྒོ་ཐེལ་རྒྱག་པ་དང་། བཙན་ཉར། བཀག་འཇོག་སོགས་བཙན་ཤེད་བྱེད་ཐབས་ལ་ལྟ་སྐུལ་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས། མྱུལ་ཞིབ་ལྟ་སྐུལ་དང་རོགས་རེས་གཞོགས་འདེགས་ཀྱི་ལས་དོན་ལ་སྐུལ་འདེད་གཏོང་བ་དང་། ཁ་གསབ་མྱུལ་ཞིབ་དང་རང་ཉིད་ཀྱིས་ཁ་གསབ་མྱུལ་ཞིབ་བྱེད་པའི་ལས་ཀའི་ལམ་སྲོལ་འཐུས་ཚང་དུ་གཏོང་དགོས། རྒོལ་གཏུག་དང་། ཡོ་བསྲང་བསམ་འཆར། ཞིབ་དཔྱོད་གྲོས་འགོ་སོགས་ལྟ་སྐུལ་བྱ་ཐབས་ཕྱོགས་བསྡུས་ཀྱིས་བེད་སྤྱད་དེ་བྱས་ཉེས་གཏན་འཁེལ་དང་ཉེས་ཆད་ཚད་གཞི་གཏན་འཁེལ་བྱས་རིགས་ཧ་ཅང་མི་འཚམ་པ་དང་། འདྲི་གཅོད་གོ་རིམ་ཁྲིམས་ལས་ཚབས་ཆེར་འགལ་བ་སོགས་ཀྱི་གནད་དོན་དུས་ཐོག་ཏུ་ཡོ་བསྲང་བྱས་ཏེ་ཁྲིམས་འཛིན་དྲང་གཞག་ཡོང་རྒྱུར་སྐུལ་འདེད་གཏོང་དགོས།
ཞིབ་དཔྱོད་ལས་ཁུངས་ཀྱིས་ངེས་པར་དུ་ཉེས་དོན་ལག་བསྟར་དང་ལྟ་སྡོམ་ཁྲིམས་སྒྱུར་ལ་ལྟ་སྐུལ་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས། བཙོན་ཁང་དང་ལྟ་སྲུང་ཁང་སོགས་ལྟ་སྐུལ་དོ་དམ་བྱེད་གནས་སུ་བཅའ་སྡོད་ཞིབ་དཔྱོད་དང་སྐོར་སྐྱོད་ཞིབ་དཔྱོད་ཟུང་འབྲེལ་བྱེད་པའི་ལས་ཀའི་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་། སྡེ་ཁུལ་ཡོ་བསྲང་དང་རྒྱུ་ནོར་གྱི་ཁྲིམས་ཆད་ལག་བསྟར་བྱེད་ཚུལ་ལ་ལྟ་སྐུལ་བྱེད་ཤུགས་ཆེ་རུ་བཏང་ནས་ཁྲིམས་ལྟར་ལྟ་སྡོམ་ནན་པོ་བྱེད་པར་སྐུལ་འདེད་གཏོང་དགོས། ཁྲིམས་ཆད་རྩིས་སྤྲོད་ལག་བསྟར་དང་བཙན་ཤེད་ཀྱིས་སྨན་བཅོས་ལག་བསྟར་ལ་ལྟ་སྐུལ་བྱེད་ཤུགས་ཆེ་རུ་བཏང་ནས་ཁྲིམས་འཛིན་གྱི་དབང་གྲགས་སྲུང་སྐྱོང་བྱེད་དགོས། ཁྲིམས་ཆད་བརྗེ་སྒྱུར་ལག་བསྟར་ལ་དུས་གཅིག་ཏུ་ལྟ་སྐུལ་བྱེད་པའི་ལམ་སྲོལ་འཐུས་ཚང་དུ་བཏང་ནས་ཁྲིམས་འགལ་གྱིས་ཉེས་ཆད་ཡང་དུ་གཏོང་བ་དང་། དངོས་མིན་བཙོན་འགྲོལ། གནས་སྐབས་བཙོན་ཕྱིའི་ལག་བསྟར་བྱེད་པ་བཅས་མི་ཐོན་པ་དང་ཡོ་བསྲང་ནུས་ལྡན་བྱེད་དགོས།
བརྒྱད། ཞིབ་དཔྱོད་ལས་ཁུངས་ཀྱིས་ངེས་པར་དུ་དམངས་དོན་ཞིབ་དཔྱོད་ལས་དོན་ལ་ཤུགས་སྣོན་རྒྱག་དགོས། ནུས་ཐོན་དམངས་དོན་ཁྲུན་གཅོད་ལ་ལྟ་སྐུལ་བྱེད་ཤུགས་ཆེ་རུ་བཏང་ནས་ནོར་འཁྲུལ་གྱི་ཁྲིམས་བཅད་དང་ཁྲུན་བཅད་དེ་བཞིན་རྒྱལ་ཁབ་ཀྱི་ཁེ་ཕན་དང་། སྤྱི་ཚོགས་ཀྱི་སྤྱི་པའི་ཁེ་ཕན། དོ་བདག་གི་ཁྲིམས་མཐུན་ཁེ་དབང་བཅས་ལ་གནོད་འཚེ་བཟོ་བའི་འདུམ་འགྲིག་ཡི་གེ་ཁྲིམས་ལྟར་ཡོ་བསྲང་བྱེད་དགོས། དམངས་དོན་འདྲི་གཅོད་ཀྱི་གོ་རིམ་དང་འདྲི་གཅོད་མི་སྣའི་ཁྲིམས་འགལ་བྱ་སྤྱོད་ལ་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་དགོས། དམངས་དོན་ལག་བསྟར་ལས་སྒོའི་བརྒྱུད་རིམ་ཧྲིལ་པོར་ལྟ་སྐུལ་བྱེད་ཤུགས་ཆེ་རུ་བཏང་ནས་ཁྲིམས་འགལ་གྱི་ལག་བསྟར་བྱ་སྤྱོད་ཁྲིམས་ལྟར་ཡོ་བསྲང་བྱེད་དགོས། གཏུག་བཤེར་རྫུན་མར་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། སྤྱི་བདེ་ལས་ཁུངས་དང་འདྲི་གཅོད་ལས་ཁུངས་སོགས་ལ་མཉམ་ལས་གཞོགས་འདེགས་བྱེད་ཤུགས་ཆེ་རུ་བཏང་ནས་གཏུག་བཤེར་རྫུན་མར་ཉེས་ཟོན་དང་། ཤེས་རྟོགས། བདའ་འདེད་བཅས་བྱེད་པའི་ལམ་སྲོལ་འཐུས་ཚང་དུ་གཏོང་དགོས།
དགུ ཞིབ་དཔྱོད་ལས་ཁུངས་ཀྱིས་ངེས་པར་དུ་སྲིད་འཛིན་ཞིབ་དཔྱོད་ལས་དོན་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་གཏོང་དགོས། སྲིད་འཛིན་གཏུག་བཤེར་ལ་ལྟ་སྐུལ་བྱེད་ཤུགས་ཆེ་རུ་བཏང་ནས་སྲིད་འཛིན་གཏུག་བཤེར་གྱི་ཁྲུན་གཅོད་བྱས་འབྲས་དང་། འདྲི་གཅོད་གོ་རིམ། སྲིད་འཛིན་ཁྲུན་གཅོད་ལག་བསྟར། སྲིད་འཛིན་གཏུག་བཤེར་མིན་པའི་ཁྲིམས་འགལ་ལག་བསྟར་སོགས་ཀྱི་གནད་དོན་ཁྲིམས་ལྟར་ཡོ་བསྲང་བྱེད་དགོས། སྲིད་གཞུང་དང་ཞིབ་དཔྱོད་ཁང་གི་མཉམ་འགུལ་ལམ་སྲོལ་འཛུགས་པར་སྐུལ་འདེད་བཏང་ནས་སྲིད་འཛིན་རྩོད་གཞི་དངོས་སུ་ཐག་གཅོད་བྱེད་པའི་ལས་དོན་སྤེལ་ཤུགས་ཆེ་རུ་གཏོང་དགོས་པ་དང་། སྲིད་འཛིན་ཁྲིམས་འགལ་གྱི་བྱ་སྤྱོད་ལ་ལྟ་སྐུལ་བྱེད་ཤུགས་ཆེ་རུ་བཏང་ནས་བཅའ་ཁྲིམས་ཀྱི་ལྟ་སྐུལ་འགན་འཁྲི་སྒྲུབ་རིང་སྲིད་འཛིན་ལས་ཁུངས་ཀྱིས་ཁྲིམས་འགལ་གྱིས་འགན་དབང་སྤྱོད་པའམ་ཡང་ན་འགན་དབང་མི་སྤྱོད་པ་ཤེས་ཚེ། ཞིབ་དཔྱོད་ཀྱི་གྲོས་འགོ་ཁྲིམས་ལྟར་བཟོ་འགྲེམས་སོགས་བྱས་པའི་ཐོག་ནས་དེ་རིགས་ཡོ་བསྲང་བྱེད་པར་སྐུལ་འདེད་བཏང་ཆོག
བཅུ། ཞིབ་དཔྱོད་ལས་ཁུངས་ཀྱིས་ངེས་པར་དུ་སྤྱི་ཕན་གཏུག་བཤེར་གྱི་ཞིབ་དཔྱོད་ལས་དོན་ལ་སྐུལ་འདེད་བརྟན་པོ་དང་ཧུར་ཐག་གཏོང་དགོས། 《དུས་རབས་གསར་པའི་ཞིབ་དཔྱོད་ཀྱི་སྤྱི་ཕན་གཏུག་བཤེར་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཆོད་དོན》ལག་བསྟར་དོན་འཁྱོལ་བྱས་ཏེ་ཞིབ་དཔྱོད་ཀྱི་གྲོས་འགོ་འདོན་པ་དང་། གཏུག་བཤེར་བྱེད་པ། གཏུག་བཤེར་ལ་རྒྱབ་སྐྱོར་བྱེད་པ་སོགས་ཀྱི་བྱ་ཐབས་བེད་སྤྱོད་གང་ལེགས་ཀྱིས་སྤྱི་ཕན་གཏུག་བཤེར་གྱི་སྤུས་ཚད་དང་ཕན་འབྲས་ཕྱོགས་ཡོངས་ནས་མཐོ་རུ་གཏོང་དགོས། གཙོ་གནད་ཁྱབ་ཁོངས་ཀྱི་སྤྱི་ཕན་གཏུག་བཤེར་གྱོད་གཞི་སྒྲུབ་གཉེར་བྱེད་ཤུགས་ཆེ་རུ་བཏང་ནས་དམངས་དོན་སྤྱི་ཕན་གཏུག་བཤེར་གྱི་ཆད་གཅོད་རང་བཞིན་གྱི་གུན་གསབ་ལམ་ལུགས་དང་ལས་གཉེར་བཀག་སྡོམ་ལམ་ལུགས་དོན་འཁྱོལ་ལ་སྐུལ་འདེད་གཏོང་བ་དང་། སྤྱི་ཕན་གུན་གསབ་མ་དངུལ་གྱི་དོ་དམ་ལམ་ལུགས་འཐུས་ཚང་དུ་གཏོང་བ། སྤྱི་ཕན་གཏུག་བཤེར་གྱི་ཞིབ་དཔྱོད་དང་མི་དམངས་འཐུས་ཚོགས་ཀྱི་ཁྲིམས་སྒྱུར་ཞིབ་བཤེར་དང་། ལྟ་ཞིབ། རྩིས་བཤེར། ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་སོགས་ཀྱི་གོ་ཆོད་འབྲེལ་མཐུད་ལམ་སྲོལ་འཐུས་ཚང་དུ་གཏོང་དགོས།
བཅུ་གཅིག ཞིབ་དཔྱོད་ལས་ཁུངས་ཀྱིས་ངེས་པར་དུ་ནར་མ་སོན་པའི་མིའི་ཞིབ་དཔྱོད་ལས་དོན་ལ་ཤུགས་སྣོན་རྒྱག་དགོས། ཞིབ་དཔྱོད་ལས་ཁུངས་ཀྱིས་ནར་མ་སོན་པའི་མི་དང་འབྲེལ་བ་ཡོད་པའི་ཉེས་དོན་དང་། དམངས་དོན། སྲིད་འཛིན། སྤྱི་ཕན་གཏུག་བཤེར་བཅས་ཀྱི་གྱོད་གཞི་གཅིག་གྱུར་ཐོག་གཅིག་བསྡུས་ཀྱིས་གཉེར་སྒྲུབ་བྱེད་དགོས་པ་དང་། ནར་མ་སོན་པའི་མིར་གནོད་འཚེ་བཏང་བའི་ནག་ཉེས་ལ་ཁྲིམས་ལྟར་ཉེས་ཆད་ནན་པོ་གཅོད་དགོས་པ། གནོད་འཚེ་ཕོག་པའི་ནར་མ་སོན་པའི་མིར“གཅིག་འཐུས་རྣམ་པའི”སྲུང་སྐྱོབ་དང་རོགས་སྐྱོབ་སོགས་བྱེད་པའི་ལམ་སྲོལ་འཐུས་ཚང་དུ་བཏང་ནས་ནར་མ་སོན་པའི་མིས་ནག་ཉེས་གསོག་རིགས་སྔོན་འགོག་དང་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ནག་ཉེས་དང་འབྲེལ་བ་ཡོད་པའི་ནར་མ་སོན་པའི་མིར་ཁྲིམས་ལྟར་ཆད་གཅོད་བསླབ་འདོམས་དང་རོགས་སྐྱོར་སློབ་གསོ་གནད་ལ་འཁེལ་བ་བྱེད་པ། ཆ་རྐྱེན་ཟུར་འགོད་ཀྱི་ཞུ་གཏུགས་མི་བྱེད་པ་དང་། སྤྱི་ཚོགས་ཐོག་བརྟག་དཔྱད་བྱེད་པ། ཉེས་གསོག་ཟིན་ཐོ་ཐམ་མནན་ཉར་ཚགས་སོགས་ཀྱི་ལམ་ལུགས་དོན་འཁྱོལ་བྱེད་དགོས། ནར་མ་སོན་པའི་མིའི་ཞིབ་དཔྱོད་ལས་དོན་ལ་སྤྱི་ཚོགས་ནས་རྒྱབ་སྐྱོར་བྱེད་པའི་མ་ལག་འཛུགས་པར་སྐུལ་འདེད་གཏོང་བ་དང་། བཙན་ཤེད་སྙན་ཞུ་དང་། ལས་གཉེར་བཀག་སྡོམ། ལས་ཞུགས་འདྲི་རྩད་སོགས་ཀྱི་ལམ་ལུགས་དོན་འཁྱོལ་ཡོང་བར་སྐུལ་འདེད་བཏང་ནས་ཁྱིམ་ཚང་དང་། སློབ་གྲྭ སྤྱི་ཚོགས། དྲ་རྒྱ སྲིད་གཞུང་། ཁྲིམས་འཛིན་བཅས“སྲུང་སྐྱོབ་ཆེན་པོ་དྲུག”གི་མ་ལག་ཧྲིལ་པོའི་བྱེད་ནུས་འདོན་སྤེལ་གང་ལེགས་བྱེད་དགོས། (མུ་འགོད།)