འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ11པའི་ཚེས11ཉིན། གྲོང་ཨུད་ཀྱི་ཧྲུའུ་ཅི་ཀྲོང་ཅིན་སུང་གིས་རྒྱལ་ཁབ་གློག་ཤུགས་མ་འཇོག་ཚོགས་པ་བོད་ལྗོངས་ནུས་རྒྱུ་ཚད་ཡོད་ཀུང་སིའི་ཏང་ཨུད་ཧྲུའུ་ཅི་ཏུང་ཧྲི་ཀྲང་ཧོང་ཧུ་དང་བཅས་པར་བཞུགས་མོལ་གནང་ཡོད།
གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རྒྱུན་ལས་ཧྲེ་ཀྲང་གཞོན་པ་ཝུའེ་ཤིན་ཀུའེ་དང་། གྲོང་ཨུད་ཀྱི་རྒྱུན་ཨུ་དྲུང་ཆེ་ཅཱ་ཤིན་ཡུས་ཚོགས་འདུ་ཞུགས་ཡོད།
ཀྲོང་ཅིན་སུང་གིས་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གི་ཚབ་ཞུས་ནས་ཧོང་ཧུ་དང་བཅས་པར་ཆབ་མདོར་རྟོག་ཞིབ་ཕེབས་པར་དགའ་བསུ་ཞུས་པ་དང་ཆབས་ཅིག་ཏུ་རྒྱལ་ཁབ་གློག་ཤུགས་མ་འཇོག་ཚོགས་པ་བོད་ལྗོངས་ནུས་རྒྱུ་ཚད་ཡོད་ཀུང་སི་ཡིས་དུས་ཡུན་རིང་པོའི་ནང་ཆབ་མདོར་རྒྱབ་སྐྱོར་ཤུགས་ཆེན་གནང་བར་ཐུགས་རྗེ་ཆེ་ཞུས་པ་རེད། ཁོང་གིས་ཆབ་མདོ་གྲོང་ཁྱེར་གྱིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་ལ་ལག་བསྟར་གཏིང་ཟབ་བྱེད་པ་དང་།“དོན་ཆེན་བཞི”ལ་དམིགས་པ་དང“འཛུགས་གཏོད་བཞི”དམ་པོར་དམིགས་པ།“གསར་བརྗེའི་ཆབ་མདོ། འབད་འབུངས་དར་རྒྱས”ཞེས་པའི་དམངས་ཡོངས་ཀྱི་བྱེད་སྒོ་སྤེལ་རྒྱུར་ཇུས་འགོད་བྱེད་པ། ནུས་རྒྱུ་གཙང་མ་དང་། འབྱུང་འཕྲོད་གཏེར་ལས། རིག་གནས་ཡུལ་སྐོར་ཐོན་ལས་བཅས་སྣེ་ཁྲིད་དུ་བྱེད་པ། ཕྱོགས་བསྡུས་རང་བཞིན་གྱི་འགྲིམ་འགྲུལ་ལྟེ་གནས་དང་ཞིང་འབྲོག་ལས་གཙོ་གནད་དུ་བྱེད་པའི་ཐོན་ལས་མ་ལག་གང་ལེགས་བཟོ་བ། ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱིས་དཔེ་སྟོན་གྲོང་ཁྱེར་ལ་སྣེ་ཁྲིད་བྱེད་པ་བཅས་བྱས་ཏེ་ཆབ་མདོའི་ས་ཁོངས་གཅིག་གི་འཕེལ་རྒྱས་ཀྱིས་རྒྱལ་ཡོངས་དང་ལྗོངས་ཡོངས་ཀྱི་ལས་ཀའི་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བར་འབད་བརྩོན་བྱེད་བཞིན་ཡོད་ཅེས་གསུངས་ཡོད།
ཀྲོང་ཅིན་སུང་གིས་ནུས་རྒྱུ་གཙང་མའི་ཐོན་ལས་ནི་རྒྱལ་ཁབ་ཀྱིས་སྔོན་ལ་འཕེལ་རྒྱས་གཏོང་བར་རྒྱབ་སྐྱོར་བྱེད་པའི་འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་ཤིག་ཡིན་པས། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ནུས་རྒྱུ་གཙང་མའི་ཐོན་ལས་འཕེལ་རྒྱས་ལ་ཚད་མཐོའི་མཐོང་ཆེན་གནང་བ་དང་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་མཆན་འགོད་མཛུབ་སྟོན་ཐེངས་མང་གནང་ནས་བླང་བྱ་ཁ་གསལ་པོ་བཏོན་ཡོད། རྒྱལ་ཁབ་གློག་ཤུགས་མ་འཇོག་བོད་ལྗོངས་ཀུང་སིར་ནུས་རྒྱུ་གཙང་མའི་ཁྱབ་ཁོངས་ལ་དངོས་ཤུགས་ཆེན་པོ་དང་། སྔོན་ཐོན་གྱི་ལག་རྩལ། ཕུན་སུམ་ཚོགས་པའི་ཉམས་མྱོང་བཅས་ལྡན་པ་མ་ཟད། ཆབ་མདོ་དང་མཉམ་ལས་ཀྱི་རྨང་གཞི་ཡག་པོ་ཡོད་པས། མ་འོངས་པར་མཉམ་ལས་ཀྱི་བར་མཐོངས་རྒྱ་ཆེ་ལ་བྱེད་རིན་ཆེན་པོ་ཡོད་པ་རེད། ཕྱོགས་གཉིས་ཀྱིས་མཉམ་ལས་ཀྱི་ཕན་འབྲས་སྔར་བས་གཏིང་ཟབ་ཏུ་གཏོང་བ་དང་། སྤུས་ཚད་གསར་པའི་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་ལ་དམིགས་པ། རྣམ་གྲངས་འཆར་འགོད་དང་འཛུགས་སྐྲུན་བྱེད་མགྱོགས་སུ་གཏོང་བ། ཚན་རྩལ་ལ་བརྟེན་ནས་ཐོན་ལས་འབྲེལ་ཐག་ལ་ནུས་ཤུགས་འདོན་པ་བཅས་བྱས་ཏེ་ལྗོངས་ཡོངས་སུ་ནུས་རྒྱུ་གཙང་མའི“རྟེན་གཞི་གཅིག་དང་དཔེ་སྟོན་གཉིས”ཀྱི་འཕེལ་རྒྱས་རྣམ་པ་མགྱོགས་མྱུར་བཟོ་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་དགོས། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་གྱི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་རྒྱལ་ལམ་རྒྱུད་དུ་གློག་གསོག་ས་དང་། སྣུམ་སྣོན་ས་ཚིགས། རླངས་སྣོན་ས་ཚིགས། དངོས་ལས་བཅས་ཀྱི་ཕྱོགས་བསྡུས་ཞབས་ཞུའི་ས་ཚིགས་འཛུགས་སྐྲུན་གོང་འཕེལ་བཏང་སྟེ་ཆབ་མདོའི་རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ལ་རམ་འདེགས་དང་གྲོང་གསེབ་དར་རྒྱས་ཀྱི་བཀོད་པ་ཆེན་པོར་འདེགས་སྐྱོར་བྱ་དགོས། ཆབ་མདོས་ནུས་ཤུགས་ཡོད་རྒུས་ཞབས་ཞུའི་འགན་ལེན་ལས་དོན་ཁག་ཡག་པོ་བསྒྲུབས་ནས་ཚོང་གཉེར་ཁོར་ཡུག་རྩེ་གྲ་བཟོས་ནས་ཁེ་ལས་ཀྱིས་བློ་སེམས་བདེ་མོའི་ངང་མ་འཇོག་བྱེད་པ་དང་། གཉེར་སྐྱོང་། འཕེལ་རྒྱས་བཅས་ཡོང་བ་བྱ་རྒྱུ་ཡིན་ཞེས་བསྟན།
ཧོང་ཧུ་ཡིས་ཆབ་མདོ་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་རྒྱལ་ཁབ་གློག་ཤུགས་མ་འཇོག་བོད་ལྗོངས་ཀུང་སིས་ས་གནས་འདིར་འཕེལ་རྒྱས་གཏོང་བར་རྒྱབ་སྐྱོར་ཤུགས་ཆེན་གནང་བར་ཐུགས་རྗེ་ཆེ་ཞུས་པ་མ་ཟད་ཀུང་སིས་གོམ་སྟབས་རྗེས་མའི་ཆབ་མདོར་འཕེལ་རྒྱས་གཏོང་བའི་འཆར་གཞི་ངོ་སྤྲོད་མདོར་བསྡུས་ཀྱང་གནང་ཞིང་། ཁོང་གིས་རྒྱལ་ཁབ་གློག་ཤུགས་མ་འཇོག་བོད་ལྗོངས་ཀུང་སིས་རང་འགུལ་ངང་གཞུང་ཁོངས་ཁེ་ལས་ཀྱི་འགན་འཁྲི་ཁུར་ནས་ཆབ་མདོ་འདི་ཉིད་གཙོ་གནད་འཕེལ་རྒྱས་ས་ཁོངས་སུ་བརྩིས་ཏེ་ཆབ་མདོ་དང་དངོས་སྒྲུབ་མཉམ་ལས་སྔར་བས་གཏིང་ཟབ་ཏུ་གཏོང་བ་དང་། ཆབ་མདོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ནང་གང་དྲག་ཞུགས་པ། ནུས་རྒྱུ་གཙང་མའི་རྟེན་གཞི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་ཆབ་མདོའི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཆེད་གཞུང་ཁོངས་ཁེ་ལས་ཀྱི་འགན་འཁྲི་སྒྲུབ་པ་དང་གཞུང་ཁོངས་ཁེ་ལས་ཀྱི་ལེགས་སྐྱེས་འབུལ་རྒྱུ་ཡིན་པའི་བསམ་པ་བསྟན་ཡོད།