国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2024年11月08日

ལྗོངས་ཡོངས་ཀྱི་ཕྱུག་འགྱུར་སྣེ་ཁྲིད་པ་སྐལ་བཟང་ཚེ་རིང་གི་ཕྱུག་འགྱུར་ལམ་བུ།

2024ལོའི་ཟླ9པར་བོད་ཀྱི་བློ་མཐུན10ལ་2024ལོའི་ལོ་འཁོར་གྱི་ལྗོངས་ཡོངས་ཀྱི་ཕྱུག་འགྱུར་སྣེ་ཁྲིད་པར་འོས་སྦྱོར་བྱུང་ཞིང་། དེའི་ནང་མཛོ་སྒང་རྫོང་བཀྲ་གཡུས་གྲོང་རྡལ་དབྲ་པ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་གཞོན་པ་དང་གྲོང་ཚོ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་སྐལ་བཟང་ཚེ་རིང་ཡོད།

ཟླ་དགུ་པ་ནི་རྒུན་འབྲུམ་འཐུ་བའི་དུས་ཚིགས་ཡག་ཤོས་དེ་ཡིན། སྐལ་བཟང་ཚེ་རིང་གིས་གྲོང་མི་ཚོ་ཁྲིད་དེ་རྒུན་འབྲུམ་ར་བའི་ནང་དུ་སོང་ནས་རྒུན་འབྲུམ་འཐུ་བའི་ལས་ཀར་བྲེལ་བཞིན་ཡོད།

དབྲ་པ་གྲོང་ཚོ་ནི་ཆ་སྙོམས་ས་བབ་མཐོ་ཚད་སྨི2600ཟིན་པའི་རྒྱལ་མོ་རྔུལ་ཆུའི་འགྲམ་རྒྱུད་དུ་ཆགས་ཡོད་པའི་ཞིང་མ་འབྲོག་གི་གྲོང་ཚོ་ཞིག་ཡིན། 2020ལོར་སྐལ་བཟང་ཚེ་རིང་གིས་ས་གནས་དེ་གའི་རང་བྱུང་གི་ཆ་རྐྱེན་དང་བསྟུན་ནས་དབྲ་པ་གྲོང་ཚོའི་ཞིང་འབྲོག་པའི་འདེབས་འཛུགས་ཆེད་ལས་མཉམ་ལས་ཁང་གི་སྔར་ཡོད་ཀྱི་རྨང་གཞིའི་ཐོག་མང་ཚོགས་སྣེ་ཁྲིད་དེ་རྒུན་འབྲུམ་འདེབས་འཛུགས་ཀྱི་ལས་ཀ་གཉེར་མགོ་བརྩམས།

མཛོ་སྒང་རྫོང་ཨུད་དང་རྫོང་སྲིད་གཞུང་གི་ཤུགས་ཆེའི་རྒྱབ་སྐྱོར་འོག་2020ལོའི་དཔྱིད་ཀར་ཉིང་ཞའི་རྒུན་འབྲུམ་སྣ་ཁ་ཁག་དང་པོ་རྒུན་འབྲུམ་རྟེན་གཞིར་ནང་འདྲེན་བྱས་པ་རེད། འོན་ཀྱང་གྲོང་མིས་ཆུ་ལུད་དོ་དམ་དང་། ནད་དང་འབུའི་གནོད་འཚེ་འགོག་བཅོས། ཡལ་བཞུར་སྲུང་སྐྱོང་སོགས་ཀྱི་འདེབས་འཛུགས་ལག་རྩལ་ལ་རྒྱུས་མངའ་ཆེན་པོ་མེད་པས་རྗེས་མཐུད་བྱ་བ་དེ་བས་སྒྲུབ་ཐབས་བྲལ།

རྒུན་འབྲུམ་འདེབས་འཛུགས་ལག་རྩལ་དང་ས་གནས་དེ་གའི་ཞིང་འབྲོག་པའི་ཁྱོན་ཡོངས་ཀྱི་ལས་ཀའི་ཆུ་ཚད་མཐོ་རུ་གཏོང་ཆེད། སྐལ་བཟང་ཚེ་རིང་གིས་ཆེད་ལས་མི་སྣ་གདན་དྲངས་ཏེ་དབྲ་པ་གྲོང་ཚོར་རྒུན་འབྲུམ་བདག་སྐྱོང་དང་གསོ་སྦྱོང་ལ་མཛུབ་ཁྲིད་བྱས་པ་མ་ཟད་ན་གཞོན་གྲོང་མི་6ལ་མཉམ་དུ་ལག་རྩལ་སྦྱོང་དུ་བཅུག ལོ་གཅིག་སློབ་སྦྱོང་བྱས་པ་བརྒྱུད་ད་ཆ་གྲོང་མི་ཆོས་པ་དང་། བུ་ཕྱུག བུ་འཕྲིན་ལས་སོགས་མི་དྲུག་གིས་རྒུན་འབྲུམ་རྟེན་གཞིའི་རྒྱུན་གཏན་གྱི་དོ་དམ་ལས་དོན་རྦད་དེ་སྒྲུབ་ཀྱི་ཡོད།

སྐལ་བཟང་ཚེ་རིང་གི་སྣེ་ཁྲིད་འོག་དབྲ་པ་གྲོང་ཚོའི་ཆེད་ལས་མཉམ་ལས་ཁང་གི་ཐོན་ལས་རྣམ་གྲངས་ལ་གྲུབ་འབྲས་བཟང་པོ་ཐོབ་ནས་རྒུན་འབྲུམ་རྟེན་གཞི་མུའུ་800ལྷག་ཙམ་བར་ཆེ་རུ་ཕྱིན་ཡོད། གསོ་ཚགས་རྟེན་གཞིར་བོད་ཕག་མགོ་གྲངས་342ཟིན་ཡོད། 2024ལོར་རྒུན་འབྲུམ་རྟེན་གཞི་དང་བོད་ཕག་གསོ་ཚགས་བྱས་པ་བརྒྱུད་ཁྱོན་ཡོང་འབབ་སྒོར་ཁྲི་80ལྷག་ཙམ་བྱུང་ཡོད། 2019ལོར་མཛོ་སྒང་རྫོང་བཀྲ་གཡུས་གྲོང་རྡལ་དབྲ་པ་ཞིང་པའི་འདེབས་འཛུགས་གསོ་ཚགས་ཆེད་ལས་མཉམ་ལས་ཁང་ལ་ཆབ་མདོ་གྲོང་ཁྱེར་རིམ་པའི་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་གི་དཔེ་སྟོན་ཁང་གི་མཚན་སྙན་ཐོབ་པ་དང་། 2023ལོར་མཉམ་ལས་ཁང་ལ་རྒྱལ་ཁབ་ཞིང་པའི་མཉམ་ལས་ཁང་གི་དཔེ་སྟོན་ཁང་གི་མཚན་སྙན་ཐོབ་པ་རེད།

ལོ་17ལ་སླེབས་པའི་ལོ་དེར་སྐལ་བཟང་གིས་ཕ་ཡུལ་གྱི་སྟར་ཁ་སོགས་ཀྱི་ཁྱད་ལྡན་ཐོན་རྫས་ཐོག་མར་བཙོངས་པ་ནས་ཨར་འདམ་འཛུགས་སྐྲུན་རྒྱུ་ཆ་གཉེར་སྐྱོང་བྱེད་པའི་བར་དང་། དེ་ནས་བོད་ཟས་ཟ་ཁང་གཉེར་སྐྱོང་བྱེད་པའི་བར་ཁོང་གིས་ཕུན་སུམ་ཚོགས་པའི་ལས་གཏོད་ཀྱི་ཉམས་མྱོང་བསགས་ཡོད་ལ་མི་ཚེའི་ཡོང་འབབ་ཀྱང་བསགས་ཡོད། 2014ལོར་བཟའ་ཟླ་དང་ཨ་མོའི་བློ་བརྟན་འགྱུར་མེད་ཀྱི་རྒྱབ་སྐྱོར་འོག་སྐལ་བཟང་ཚེ་རིང་གིས་ཕ་ཡུལ་མཛོ་སྒང་དུ་ལོག་ནས་འཕེལ་རྒྱས་གཏོང་རྒྱུའི་སེམས་ཐག་བཅད། དབྲ་པ་གྲོང་ཚོ་ནི་ཐག་རིང་ལུང་ཁུག་ཏུ་གནས་པས་དཔལ་འབྱོར་འཕེལ་རྒྱས་འགྲོ་འགོར་པོ་ཡོད། སྐལ་བཟང་ཚེ་རིང་གིས་རང་ཉིད་ཀྱི་ཉམས་མྱོང་དང་སྤྱི་ཚོགས་ཀྱི་ཐོན་ཁུངས་སྤྱད་དེ་ཁོང་ཚོར་འཚོང་རོགས་བྱེད་ཀྱི་ཡོད། གྲོང་མི་ཚོ་ཕྱིར་སྐྱོད་རྒྱུར་སྟབས་བདེ་ཡོང་ཆེད་སྐལ་བཟང་ཚེ་རིང་གིས་ད་དུང་རང་ཉིད་ཀྱི་རྐོ་འདྲུའི་འཕྲུལ་འཁོར་དང་ས་རྐོ་རླངས་འཁོར་བཏང་ནས་གྲོང་ཚོའི་ལམ་བུ་ཁོད་སྙོམས་སུ་བཏང་བ་རེད། གྲོང་མི་མི་རེ་ངོ་རེར་དཀའ་ངལ་དང་ཛ་དྲག་གི་གནས་ཚུལ་འཕྲད་སྐབས་ཁོང་གིས་རྟག་ཏུ་དཔའ་ངར་ཆེར་བསྐྱེད་ཀྱིས་ཁོང་ཚོར་ནུས་ཤུགས་ཡོད་རྒུས་རོགས་རམ་བྱེད་ཀྱི་ཡོད། ལོ་དེ་དག་ནང་རིམ་རྩིས་བརྒྱབ་ན་འགྲོ་སོང་སྒོར་ཁྲི་170ལྷག་ཙམ་བཏང་ཡོད། ཁོས་ད་དུང་རྒྱུན་དུ་སྡེ་བའི་ནང་གི་རྒན་པ་དང་དཀའ་ངལ་ཅན་གྱི་སློབ་ཆེན་སློབ་མར་འཚམ་འདྲི་བྱེད་ཀྱི་ཡོད། སེམས་བཟང་གི་བྱ་སྤྱོད་དེ་དག་གིས་གྲོང་མི་ཚོར་དྲོ་སྐྱིད་སྦྱིན་ལ་གྲོང་མི་ཚོའི་ཡིད་ཆེས་ཐོབ་པ་རེད།

2017ལོར་གྲོང་མི་ཡོངས་ཀྱི་བརྩི་བཀུར་འོག་སྐལ་བཟང་ཚེ་རིང་གྲོང་ཚོའི་སྒྲིག་བཤེར་ཨུ་ཡོན་གྱི་འགན་ཁུར། 2021ལོར་དབྲ་པ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་གཞོན་པ་དང་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པར་བདམས་པ་རེད།

2023ལོར་ཁོང་གིས་སྐལ་བཟང་འཛུགས་སྐྲུན་ངལ་ནུས་ཚད་ཡོད་འགན་འཁྲི་ཀུང་སི་བཙུགས་པ་དང“རྣམ་གྲངས་དང་། ཞིང་དུད། མང་ཚོགས་བཅས་ཟུང་དུ་འབྲེལ་བའི”བྱེད་སྟངས་བརྒྱུད་ལོ་ལྟར་ཞིང་འབྲོག་པ་70ལྷག་ཙམ་ལས་ཞུགས་ཐུབ་པ་བྱས་ནས་གྲོང་ཚོ་ཡོངས་ཀྱི་མང་ཚོགས་མི་རེར་ཆ་སྙོམས་འབབ་འཕར་སྒོར་ཁྲི་1ལྷག་ཙམ་བྱུང་ཡོད། 2024ལོར་ཁོང་གིས་དབྲ་པ་གྲོང་ཚོའི་ཉེ་འཁོར་གྱི་གྲོང་ཚོ་ལྔའི་གྲོང་མི་75སྒྲིག་འཛུགས་བྱས་ནས་ལྷ་སར་ལྷོ་བྱང་རི་བོའི་སྔོ་འགྱུར་ལས་གྲྭར་ཞུགས།

ད་ཆ་རམ་པ་གྲོང་ཚོར་གློག་ཤར་གཏོང་ཐུབ་པ་དང་། ལམ་ཁོད་ཡངས་པ། ལྗོན་ཤིང་མང་བ། ཁོར་ཡུག་མཛེས་པ། གྲོང་མིའི་འཚོ་བ་ཕུན་སུམ་ཚོགས་སུ་ཕྱིན་ཡོད། ཆབ་མདོ་གྲོང་ཁྱེར་དང་མཛོ་སྒང་རྫོང་རིམ་པ་གཉིས་ཀྱི་སྲིད་གྲོས་ཨུ་ཡོན་ཡིན་པའི་སྐལ་བཟང་ཚེ་རིང་གིས་སྒོར་ཁྲི་14ལྷག་ཙམ་བཏོན་ནས་ལས་པ་གྲོང་ཚོའི་གནས་སྤོས་དུད་ཚང་23ལ་སྦག་སྦག་སྤྲད་པ་མ་ཟད། ད་དུང་རླངས་འཁོར་ནང་རྒྱན་ཆ་དང་ཟོག་སྒྲོམ་ཡང་སྤྲད་པ་རེད།

སྐལ་བཟང་ཚེ་རིང་གིས“ཏང་དང་སྲིད་གཞུང་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ད་ཆ་ང་ཚོའི་གྲོང་ཚོའི་དུད་ཚང་ཚང་མར་རླངས་འཁོར་དང་ཁང་པ་ཡོད་པས་གྲོང་མི་ཚོའི་འཚོ་བ་བདེ་སྐྱིད་ལྡན་པ་ཞིག་སྐྱེལ་བཞིན་ཡོད། མཐའ་འཁོར་གྱི་གྲོང་མི་ཚོ་སྣེ་ཁྲིད་བྱས་ཏེ་མཉམ་དུ་ཕྱུག་པོའི་ལམ་དུ་སྐྱོད་པ་དང་། མཉམ་དུ་འབབ་འཕར་ཡོང་བ་བཅས་བྱས་ཏེ་འཚོ་བ་ཡག་པོ་སྐྱེལ་ཐུབ་པ་བཅས་བྱ་རྒྱུའི་རེ་བ་ཡོད”ཅེས་བཤད།