འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། གནམ་གཤིས་དྲོད་ཚད་རིམ་བཞིན་གྲང་དུ་འགྲོ་བ་བསྟུན་ནས་སྟེང་ཆེན་རྫོང་གི་དགུན་དུས་དྲོད་རླངས་མཁོ་འདོན་ལས་དོན་གལ་ཆེན་ལ་བརྩིས་ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན། སྟེང་ཆེན་རྫོང་གིས་ཟླ་11ཚེས་1ཉིན་ནས་དྲོད་རླངས་མཁོ་འདོན་བྱེད་འགོ་ཚུགས་ནས་རྒྱ་ཆེའི་གྲོང་མིར་དགུན་དུས་ཀྱི་དྲོ་སོབ་སོབ་ཀྱི་དགའ་སྐྱིད་སྟེར་ཡོད་པ་རེད།
སྟེང་ཆེན་རྫོང་ནི་ས་བབ་མཐོ་བའི་ས་ཁུལ་དུ་གནས་པ་དང་དགུན་དུས་གནམ་གཤིས་གྲང་ངར་ཆེ་བས་དྲོད་རླངས་མཁོ་འདོན་བྱ་རྒྱུ་དེ་སྟེང་ཆེན་རྫོང་གྲོང་དང་གྲོང་རྡལ་གྱི་གྲོང་མིའི་འཚོ་བའི་ངོས་ནས་བཤད་ན་གལ་འགངས་ཤིན་ཏུ་ཆེ་བ་ཞིག་ཡིན། 2024ལོ་ནས་2025ལོའི་བར་གྱི་དགུན་དུས་ཀྱི་དྲོད་རླངས་མཁོ་འདོན་ལས་དོན་བདེ་བླག་ངང་སྤེལ་ཐུབ་པའི་འགན་ལེན་བྱ་ཆེད། སྟེང་ཆེན་རྫོང་ཅིན་ཕིང་ཞང་ཆུ་དང་ཚ་དྲོད་མཁོ་འདོན་ཚད་ཡོད་ཀུང་སིའི་ལག་རྩལ་མི་སྣ་ཚོས་ཁྲོ་ཐབ་དང་། སྦུག་ལམ། བཀག་གཏོང་མཆུ་ཏོ་སོགས་འགག་རྩའི་སར་ཁྱོན་ཡོངས་ནས་ཞིབ་བཤེར་དང་ཉམས་གསོ་ཞིབ་ཚགས་བྱས་ཏེ་དྲོད་རླངས་མཁོ་འདོན་མ་ལག་བདེ་འཇགས་དང་བརྟན་པོའི་ངང་འཁོར་སྐྱོད་ཐུབ་པའི་འགན་ལེན་བྱས་པ་རེད། དེ་དང་ཆབས་ཅིག་ཀུང་སིས་ད་དུང་སྦུག་ལམ་གཅིག་སྡུད་ཁུལ་དང་། ཁྲོམ་གཞུང་། ཁུལ་ཆུང་བཅས་ཀྱི་དྲོད་རླངས་མཁོ་འདོན་སྒྲིག་ཆས་ལ་སྐོར་སྐྱོད་ལྟ་ཞིབ་བྱེད་ཤུགས་ཆེ་རུ་བཏང་ནས་མི་མངོན་པའི་གནད་དོན་དུས་ཐོག་ཏུ་ཤེས་རྟོགས་དང་ཐག་གཅོད་བྱས་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། སྟེང་ཆེན་རྫོང་གིས་དྲོད་རླངས་མཁོ་འདོན་ལས་དོན་ལ་ཐོག་མཐའ་བར་གསུམ་དུ་མཐོང་ཆེན་བྱེད་ཀྱི་ཡོད་པ་རེད། ཉེ་བའི་ལོ་ཤས་རིང་། དྲོད་རླངས་སྒྲིག་ཆས་ལ་མ་དངུལ་གཏོང་ཤུགས་དང་སྒྱུར་བཀོད་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་ནས་དྲོད་རླངས་ཀྱི་སྤུས་ཚད་དང་ཞབས་ཞུའི་ཆུ་ཚད་མཐོ་རུ་བཏང་སྟེ་གྲོང་མི་ཚོར་དྲོ་སོབ་སོབ་ཀྱི་དགུན་སྒྲོལ་ཐུབ་རྒྱུ་ཡིན་པ་རེད།