国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2024年11月08日

ཀྲོང་ཅིན་སུང་གིས་ཀྲུང་ཅོན་དང་ བཞུགས་མོལ་གནང་བ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ11པའི་ཚེས4ཉིན་གྱི་ཕྱི་དྲོར། གྲོང་ཨུད་ཀྱི་ཧྲུའུ་ཅི་ཀྲོང་ཅིན་སུང་གིས་ཀྲུང་གོའི་ལྕགས་ལམ་ཅུས་བརྒྱད་པའི་ཚོགས་པ་ཚད་ཡོད་ཀུང་སིའི་ཏང་ཨུའི་ཧྲུའུ་ཅི་གཞོན་པ་སྤྱི་ཁྱབ་ཅིང་ལི་ཀྲུང་ཅོན་དང་བཞུགས་མོལ་གནང་ཡོད།

ཀྲོང་ཅིན་སུང་གིས་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་ཚབ་ཞུས་ནས་ཀྲུང་ཅོན་དང་བཅས་པ་ཆབ་མདོར་ཕེབས་པར་དགའ་བསུ་ཞུས་པའི་ཁར། ཀྲུང་གོའི་ལྕགས་ལམ་ཅུས་བརྒྱད་པས་དུས་ཡུན་རིང་པོའི་ནང་ཆབ་མདོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འགྲོ་བར་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་པ་རེད། ཁོང་གིས་ཉེ་བའི་ལོ་ཤས་རིང་། ཀྲུང་གོའི་ལྕགས་ལམ་ཅུས་བརྒྱད་པས་ཁ་གཏད་བོད་སྐྱོར་སྐོར་གྱི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་མཐའ་གཅིག་ཏུ་ལག་བསྟར་དོན་འཁྱོལ་བྱས་ཏེ། ཐོག་མཐའ་བར་གསུམ་དུ་མཐའ་སྐྱོང་བོད་བརྟན་གྱི་ཐབས་ཇུས་མཐོ་ཚད་ཐོག་ནས་ཁ་གཏད་རོགས་སྐྱོར་བྱ་ཡུལ་ཁ་རུབ་ཆུས་ཀྱི་ཆབ་སྲིད་འགན་འཁྲི་དང་ལས་འགན་ཏན་ཏིག་འཁུར་ཏེ་ཕྱོགས་མཐའ་ཡོངས་དང་། ཁྱབ་ཁོངས་སྤྱི། རིམ་པ་མང་བ་བཅས་ཀྱི་སྒོ་ནས་ས་གནས་དེ་གའི་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱས་པ་དང་། ལས་གཞི་གལ་ཆེན་དང་གྲོང་གསེབ་ཀྱི་གཞུང་ལམ། གྲོང་ཁྱེར་གྱི་རྨང་གཞིའི་སྒྲིག་བཀོད་སོགས་ལས་གཞི་འཛུགས་སྐྲུན་ཐད་ཆབ་མདོ་དང་མཉམ་ལས་བྱས་པར་ཕན་འབྲས་མངོན་གསལ་དོད་པོར་ཐོན་ནས་ཆབ་མདོ་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཡོང་བར་ལེགས་སྐྱེས་ཧུར་ཐག་ཕུལ་ཡོད་ཅེས་གསུངས།

ཀྲོང་ཅིན་སུང་གིས་ཆབ་མདོས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་བཀོད་སྒྲིག་ལག་བསྟར་དང་དོན་འཁྱོལ་ནན་ཏན་བྱས་ཏེ་ལོ་ཧྲིལ་བོའི་དམིགས་ཚད་ལས་འགན་ཁག་ཧུར་ཐག་ངང་ལེགས་སྒྲུབ་བྱེད་པའི་དམིགས་བསལ་གྱི་འགག་རྩའི་མཚམས་སུ། སྤྱི་ཁྱབ་ཅིང་ལི་ཀྲུང་ཅོན་དང་བཅས་པ་ཆབ་མདོར་ཕེབས་ཏེ་བརྟག་ཞིབ་རྟོག་ཞིབ་དང་། མཉམ་ལས་གྲོས་མོལ་བྱས་ཏེ་ཆབ་མདོར་ཐུགས་ཁུར་དང་། ཁྲིད་སྟོན། རྒྱབ་སྐྱོར་བཅས་བྱས་པ་དང་།དངོས་ཡོད་བྱ་སྤྱོད་ལ་བརྟེན་ནས“ཀྲུང་དབྱང་ཁེ་ལས་ཀྱི་རུས་ཏང་དང་གཞུང་ཁོངས་ཁེ་ལས་ནི་རྒྱལ་ཁབ་ཀྱི་དོན་དུ་ཡིན་པའི”རྩ་བའི་ངོ་བོ་ལག་ལེན་བསྟར་བ་འདི་ལས་ཀྲུང་གོའི་ལྕགས་ལམ་ཅུས་བརྒྱད་པའི་ཚད་མཐོའི་ཆབ་སྲིད་ཀྱི་ཚུགས་གནས་དང་འགན་འཁྲི་འཁུར་སེམས་གང་ལེགས་མཚོན་ཡོད། ཀྲུང་གོའི་ལྕགས་ལམ་ཅུས་བརྒྱད་པས་ཁ་གཏད་རོགས་སྐྱོར་གྱི་ལས་དོན་སྤེལ་ཤུགས་མུ་མཐུད་ཆེ་རུ་བཏང་ནས་ཁ་རུབ་ཆུས་ཀྱི་ལེགས་ཆ་དང་ཐོན་ཁུངས་ལ་གཞི་ཚུགས་ཏེ་ཐོན་ལས་བོད་སྐྱོར་དང་རིག་སྟོབས་བོད་སྐྱོར་ལ་སྐུལ་འདེད་ཏན་ཏིག་གཏོང་བ་དང་། མི་རིགས་ཁག་དབར་སྤེལ་རེས་དང་མཉམ་འདྲེས་བྱ་རྒྱུར་སྐུལ་འདེད་གཏོང་བ། དངོས་ཡོད་ཀྱི་ལེགས་ཆ་དེ་བས་མང་བ་ཐོབ་རྒྱུར་སྐུལ་འདེད་གཏོང་དགོས། ལས་རིགས་ཀྱི་དགེ་མཚན་འདོན་སྤེལ་གང་ལེགས་བྱས་ཏེ་རྣམ་གྲངས་གལ་ཆེན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་གྱི་འཆར་འགོད་རྣམ་གྲངས་ལ་དམ་པོར་དམིགས་ཏེ་ཆབ་མདོའི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་བརའདེགས་སྐྱོར་ཡག་པོ་བྱ་རྒྱུའི་རེ་བ་ཡོད་ཅེས་ནན་བཤད་གནང་བ་རེད།

ཀྲུང་ཅོན་གྱིས་ཆབ་མདོ་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་དུས་ཡུན་རིང་པོའི་ནང་ཀྲུང་གོའི་ལྕགས་ལམ་ཅུས་བརྒྱད་པ་དང་དེ་བཞིན་འབྲེལ་ཡོད་ཁེ་ལས་ལ་ཐུགས་ཁུར་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་ཆབས་ཅིག་ཀྲུང་གོའི་ལྕགས་ལམ་ཅུས་བརྒྱད་པའི་ལས་སྒོ་སྤེལ་ཚུལ་དང་བོད་སྐྱོར་ལས་དོན་སྤེལ་ཚུལ་ངོ་སྤྲོད་ཀྱང་གནང་ཡོད།