国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2024年11月05日

ལེ་དབར2800ལ་མཐུད་པའི་མཛའ་གཅུགས་གསེར་ཟམ་རིང་མོ།

དཔའ་བོ་ས་འོག་སོང་ཡང་གཏམ་སྙན་ས་སྟེང་གྲག་ཟེར་བ་ལྟར། དུས་རབས་གསར་པའི་ཆབ་མདོར་གུང་ཁྲན་ཏང་ཡོན་གྱི་འཐུས་ཚབ་ཕུལ་བྱུང་ཅན་དང་རྒྱལ་ཡོངས་ཁ་གཏད་བོད་སྐྱོར་གྱི་སྔོན་ཐོན་མི་སྒེར་གྱི་མིག་ལྟོས་གསོན་པོ་ཞིག་ཀུན་གྱི་ཡིད་ངོར་བསྟར་ཡོད། ཁོང་ནི་ཧྥུའུ་ཅན་ཞིང་ཆེན་གྱི་བོད་སྐྱོར་ཁག་བཅུ་པའི་ལས་བྱེད་པ་ཧྭང་སྤྱན་ལི་ལགས་རེད།

འདི་ནི2022ལོའི་ཟླ7ཚེས18ཉིན། ཧྭང་སྤྱན་ལི་ནི་ཧྥུའུ་ཅན་ཞིང་ཆེན་གྱི་བོད་སྐྱོར་ཁག་བཅུ་པའི་ལས་བྱེད་པའི་མིང་ཐོབ་ནས་བོད་ལྗོངས་མཛོ་སྒང་དུ་སླེབས་དུས་བོད་སྐྱོར་ལས་དོན་རུ་ཁག་གི་བཞུགས་མོལ་ཚོགས་འདུའི་ཐོག་གཏམ་བཤད་གནང་སྐབས་སྐད་ཆའི་སྒྲ་དག་ལ་སྒྲོས་གཙང་ཞིང་ལྷག་བསམ་ཟོལ་མེད་ཀྱི་རང་བཞིན་མངའ་བ་ཀུན་ལ་ཆ་རྒྱུས་ཡོད།

མཛོ་སྒང་རྫོང་ནི་འཕྲེད་རྒྱུག་རི་རྒྱུད་ཀྱི་ལྟེ་བར་ཆགས་ཡོད། རྫོང་འདི་ལ་ས་རྒྱ་ཆེ་ཆུང་ཞཱ་མོན་གྲོང་ཁྱེར་སི་མེན་ཆུས་ཀྱི་ལྡབ156ཙམ་ཡོད་ཀྱང་། མི་གྲངས་ཀྱི་ཆ་ནས་སི་མེན་ཆུས་ཀྱི་ཉི་ཤུའི་ཆ་གཅིག་ཙམ་ལས་མེད་པ་རེད། རྒྱ་མཚོའི་ཉེ་འགྲམ་ནས་བོད་ཤར་ཕྱོགས་ཀྱི་མཐོ་སྒང་དུ་སླེབས་མ་ཐག་ཧྭང་སྤྱན་ལི་ཡིས་ཞཱ་མོན་གྲོང་ཁྱེར་བོད་སྐྱོར་ལས་དོན་རུ་ཁག་བརྒྱད་པའི་རུ་དཔོན་དང་མཛོ་སྒང་རྫོང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ། རྫོང་མི་དམངས་སྲིད་གཞུང་གི་རྒྱུན་ལས་རྫོང་དཔོན་གཞོན་པ། མཛོ་སྒང་རྫོང་ཨུད་ཏང་གི་སློབ་གྲྭའི་སློབ་སྤྱི་བཅས་ཀྱི་འགན་འཁྲི་ཕྲག་ཏུ་བཞེས་པ་རེད། འགན་འཁྲི་མང་པོ་གཅིག་ལྕོགས་སུ་བཞེས་པའི་ཧྭང་སྤྱན་ལི་ཡིས་རྫོང་ཡོངས་ཀྱི་རོགས་སྐྱོར་ལས་དོན་ཙམ་མིན་པར་མཛོ་སྒང་རྫོང་འཕེལ་སྒྱུར་ཨུ་ལྷན་དང་ཏང་གི་སློབ་གྲྭ་སོགས་སྡེ་ཚན་བཅུ་ལྷག་གི་ལས་འགན་ལྷུར་བཞེས་གནང་ཡོད།

མཛོ་སྒང་རྫོང་ལ་རོགས་སྐྱོར་གནང་བར་ཕེབས་རྗེས་ཧྭང་སྤྱན་ལི་ཡིས་བོད་སྐྱོར་བྱ་བར་རྩེ་གཅིག་ཏུ་གཞོལ་བ་དང་། ས་གནས་ཀྱི་གནས་ཚུལ་དུས་ཐོག་ཏུ་ཆ་རྒྱུས་ལོན་ཕྱིར། གཞི་རིམ་ལ་བསྐྱོད་དེ་མི་དམངས་ཀྱི་གནས་ཚུལ་རྒྱུས་ལོན་བྱ་རྒྱུ་དེ་ཁོ་རང་གི་རྒྱུན་གཏན་ལས་ཀར་ཆགས་ཡོད། དེ་དུས་འགྲིམ་འགྲུལ་གྱི་ཆ་རྐྱེན་ཡག་པོ་མེད་པས་གཞི་རིམ་དུ་འགྲོ་དུས་ཉེན་ཁ་ཡང་མང་པོ་ཞིག་འཕྲད་ཀྱིན་ཡོད།

མཛོ་སྒང་རྫོང་ལ་སླེབས་རྗེས་ཧྭང་སྤྱན་ལི་ཡིས་དུས་དང་རྣམ་པ་ཀུན་ཏུ་ཐོན་ལས་འཕེལ་རྒྱས་དང་རྣམ་གྲངས་སྐུལ་སྤེལ། སྤྱི་ཚོགས་ལ་རམ་འདེགས་བྱ་རྒྱུ་སོགས་བོད་སྐྱོར་ལས་དོན་ནང་གི་གཙོ་བོ་ཞིག་ཏུ་བརྩིས་ནས་དམ་འཛིན་བྱེད་བཞིན་ཡོད། ཐུན་མོང་མ་ཡིན་པའི་ཆགས་ས་ཆགས་ཡུལ་དང་རོང་སའི་གནམ་གཤིས་ཀྱི་དབང་གིས་མཛོ་སྒང་རྫོང་གི་རྒྱལ་མོ་རྔུལ་ཆུའི་རྒྱུད་ལ་སྟར་ཀ་མང་པོ་སྐྱེས་ཡོད་ཀྱང་ས་གནས་ཀྱི་སྟར་ཀའི་ཟས་སྣུམ་ཐོན་སྐྱེད་བྱེད་མཁན་གྱི་ཁེ་ལས་ལ་ཐོན་སྐྱེད་ཀྱི་ནུས་པ་ཧ་ཅང་ཞན་པས། ཐོན་ཁུངས་ཀྱི་ལེགས་ཆ་དག་ཐོན་ལས་དང་དཔལ་འབྱོར་གྱི་དགོས་མཁོར་ཇི་ལྟར་བསྒྱུར་རྒྱུ་དེ་ཧྭང་སྤྱན་ལི་ཡི་ལས་ཀ་སྒྲུབ་ཕྱོགས་ཤིག་ཏུ་གྱུར་ཡོད།

སྟར་ཀའི་ཟས་སྣུམ་གྱི་སྤུས་ཀ་ཇེ་ཡག་ཕྱིན་རྗེས། ཧྭང་སྤྱན་ལི་ཡིས་ཡང་བསྐྱར་བོད་སྐྱོར་ཐོན་ལས་ཀྱི་མ་དངུལ་སྒོར་ཁྲི415བཏང་ནས་སྟར་ཀའི་ཟས་སྣུམ་ཐོན་སྐྱེད་བྱ་ས་བཙུགས་པས་ཟས་སྣུམ་གྱི་ཐོན་འབབ་སྔར་ཡོད་ཀྱི་ཐོག་ལ་ལྡབ་གཉིས་ཙམ་མང་དུ་ཕྱིན་ཡོད་པ་རེད། དེ་ཡང་ཚོང་ལམ་རྒྱ་ཆེར་གཏང་ཕྱིར། ཧྭང་སྤྱན་ལི་ཡིས་ཞཱ་མོན་གྲོང་ཁྱེར་གྱི་བཟོ་ཚོགས་ནས་ལོ་རེར་སྒོར་ཁྲི3000གི་འཛད་སྤྱོད་མ་དངུལ་བླངས་ཏེ་རོགས་སྐྱོར་གནང་གིན་ཡོད། དེ་ལྟར་ཁོང་གིས་ལེ་དབར་ཁྲི་ཕྲག་གིས་ཆོད་པའི་བཟའ་ཟླ་ལ་རང་གི་བོད་སྐྱོར་ལས་དོན་སྐོར་ནས་ཁ་བརྡ་གནང་གིན་ཡོད་ལ་བཟའ་ཟླས་རང་ལ་བསམ་ཤེས་དང་རྒྱབ་སྐྱོར་གནང་བར་བཀའ་དྲིན་ཆེ་ལུགས་བརྗོད་དང་བརྗོད་མུས་ཡིན།

རྩ་འཛུགས་ཀྱིས་བློས་ཁེལ་བ་དང་ནང་མིས་བསམ་ཤེས་ཐུབ་པས། ཧྭང་སྤྱན་ལི་ཡིས་རང་གི་སེམས་ནུས་ཡོད་ཚད་བོད་སྐྱོར་བྱ་གཞག་ཐོག་བཏང་ནས་ས་གནས་ཀྱི་ཁྱད་ཆོས་ལྡན་པའི་ཐོན་ལས་འཕེལ་རྒྱས་གཏང་རྒྱུ་ལ་རྩེ་གཅིག་ཏུ་གཞོལ་བ་རེད། མཛོ་སྒང་རྫོང་གི་བོད་ཕག་གསོ་ཚགས་ར་བ་རྒྱ་ཆུང་ལ་ཁ་ཐོར་དུ་གནས་པས་ཐོན་ལས་ཀྱི་ངོ་བོར་ཆགས་མེད། དེའི་གནས་སྟངས་བསྒྱུར་ཆེད། ཧྭང་སྤྱན་ལི་ཡིས་དུས་ཀུན་ཏུ་གྲོང་ཚོའི་དུད་ཚང་ལ་བཅར་ཏེ་བརྟག་དཔྱད་ཞིབ་འཇུག་གནང་བ་རེད། ཁོང་གིས་ཧྥུའུ་ཅན་ཨབ་ནུང་ཞིང་ལས་ཚོགས་པར་འབྲེལ་བ་ཐེངས་མང་བཟོས་ནས་ཐོན་ལས་སྤྱི་ཡོངས་ཀྱི་མཐོང་སྣེ་ནས་མཛོ་སྒང་གི་བོད་ཕག་ཐོན་ལས་ཀྱི་བཀོད་པ་ལེགས་པར་བཏིང་ཐོག་སི་ཁྲོན་ཞིང་ལས་སློབ་ཆེན་གྱི་མཁས་དབང་ལ་འབྲེལ་བ་བཟོས་ཏེ་བོད་ཕག་ཐོན་ལས་འཕེལ་རྒྱས་གཏོང་ཐབས་ཀྱི་ཇུས་གཞི་ལེགས་པར་བཀོད་ཡོད།

མཛོ་སྒང་བོད་ཕག་གི་ཚོང་རྟགས་ཁྱབ་བསྒྲགས་བྱ་ཆེད། 2023ལོའི་ཟླ11པའི་མཇུག་ལ་ཧྭང་སྤྱན་ལི་ཡིས་རུ་སྣེ་ཁྲིད་དེ་ཞཱ་མོན་ལ2023ལོའི་མཚོ་འགག་ངོགས་གཉིས་ཀྱི་དེང་རབས་ཞིང་ལས་དངོས་མང་འགྲེམ་ཚོགས་ཐོག་ཞུགས་རྒྱུའི་འཆར་གཞི་བཟོས་ཡོད། འདི་ནི་མཛོ་སྒང་རྫོང་ཞིང་འབྲོག་ཅུད་ཀྱི་ངོས་ནས་མཚོན་ན་མཚོ་འགག་ངོགས་གཉིས་ཀྱི་དེང་རབས་ཞིང་ལས་དངོས་མང་འགྲེམ་ཚོགས་ཐོག་ཞུགས་ཐེངས་ཐོག་མ་དེ་ཡིན།

བོད་སྐྱོར་རྣམ་གྲངས་ཐམས་ཅད་གང་མགྱོགས་དོན་འཁྱོལ་ཐུབ་ཆེད་ཧྭང་སྤྱན་ལི་ཡིས་རྣམ་གྲངས་སྐུལ་སྤེལ་ཚོགས་འདུ་ཐེངས་མང་འཚོགས་ནས་ཕྱོགས་ཁག་ལ་ལས་ཀ་སྒྲུབ་སྐུལ་གནང་བ་རེད། མཛོ་སྒང་རྫོང་མི་དམངས་སྨན་ཁང་དུ་ལུས་པོར་བརྟག་དཔྱད་དང་སྨན་བཅོས་བྱེད་པའི་སྐབས་སུ་ཡང་ཁོང་གིས་ལས་ཀ་རྒྱུན་འཁྱོངས་གནང་གིན་ཡོད།

དཔལ་འབྱོར་གྱི་ལས་དོན་ལེགས་པར་བསྒྲུབས་ཐོག་ཧྭང་སྤྱན་ལི་ཡིས་མཛོ་སྒང་གི་སློབ་གསོ་དང་སྨན་བཅོས། རིག་གནས་སོགས་སྤྱི་ཚོགས་བྱ་གཞག་ཁག་འཕེལ་རྒྱས་ཀྱི་དོན་དུ་སྐུ་ལས་ཚད་མེད་བསྐྱོན་ཡོད། ཁོང་གིས་མཐུན་སྦྱོར་གནང་བ་བརྒྱུད་མཛོ་སྒང་རྫོང་དང་ཞཱ་མོན་གྲོང་ཁྱེར་གྱི་ས་གནས་སློབ་གསོའི་སྡེ་ཁག་དབར་འཕྲིན་ལམ་སློབ་ཚན་སྒྲུབ་གཉེར་གནང་བ་དང་། ཞཱ་མོན་སློབ་ཆེན་གྱི་ཞོར་གཏོགས་སྨན་ཁང་དང་པོས་མཛོ་སྒང་རྫོང་མི་དམངས་སྨན་ཁང་ལ་ལོ་ལྔར་ཁ་གཏད་རོགས་སྐྱོར་བྱ་རྒྱུའི་གྲོས་མཐུན་ཡང་བཞག་ཡོད་པ་རེད།

ཧྭང་སྤྱན་ལི་ཡི་མཛོ་སྒང་ལ་ཡོད་པའི་གཞུང་ལས་ཁང་དུ་སོང་ཚེ། ཁོང་གི་ལས་ཀའི་ཟིན་བྲིས་དེབ་ནང་ང་ཚོ་ནི་མཛོ་སྒང་གི་ལས་བྱེད་པ་རྣལ་མ་ཞིག་ཆགས་ཟིན་པས། མཛོ་སྒང་རྫོང་ཨུད་དང་རྫོང་སྲིད་གཞུང་། ལས་ཁུངས་ཚན་པ་ཁག་གི་འགོ་ཁྲིད་ཀྱི་བཀའ་ལ་བརྩི་དགོས། རང་འཁྲི་ཐེག་པ་ཁུར་ལེན་དགོས་པ་ལས་ཚོང་འདུས་མགྲོན་པོ་ལྟར་རྣམ་གཡེང་བྱེད་མི་རུང་། དེ་བཞིན་ས་གནས་ཀྱི་ཡུལ་སྲོལ་གོམས་གཤིས་ལ་བརྩི་འཇོག་དགོས་པ་དང་མང་ཚོགས་ལ་ཞབས་འདེགས་ཞུ་དགོས་པ་ལས་མང་ཚོགས་ལ་བརྡབ་གསིག་གཏོང་མི་རུང་བ་དང་། ལྷག་བསམ་རྣམ་དག་གིས་མང་ཚོགས་ལ་རོགས་རམ་ཞུ་དགོས་ཞེས་བཀོད་ཡོད།

2024ལོའི་ཟླ11ཚེས4ཉིན་རང་ལོ་ཞེ་བརྒྱད་ལོན་པའི་ཧྭང་སྤྱན་ལི་ནི་བོད་སྐྱོར་གྱི་སྐབས་སུ་སྙུང་གཞི་ཕོག་ནས་སྨན་བཅོས་མ་ཐུབ་པར་ཚེ་ལས་འདས་པ་རེད། ལོ་གཅིག་ཕྱེད་ཙམ་ལ་བོད་སྐྱོར་བྱེད་རིང་དུ་ཧྭང་སྤྱན་ལི་ཡིས་ཏང་ལ་ཞུགས་པའི་ཐོག་མ་ནས་བཞག་པའི་དམ་བཅའ་ལག་ལེན་དངོས་སུ་བསྟར་ཞིང་ཐོག་མའི་འགན་འཁྲི་ཡང་ཁ་ཐོག་ལག་བཞག་བྱུང་བར་མ་ཟད་ཐ་ན་རང་གི་སྲོག་ཀྱང་བསྡོས་ནས་བོད་སྐྱོར་གྱི་སྙིང་སྟོབས་མི་འཇིགས་དགུང་ལ་བཏབ་ཡོད།

(ཚེ་རིང་བསམ་གྲུབ་ཀྱིས་བསྒྱུར)