འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ10པའི་ཚེས30ཉིན་གྱི་ཕྱི་དྲོར། གྲོང་ཨུད་ཀྱི་ཧྲུའུ་ཅི་ཀྲོང་ཅིན་སུང་གིས་ཀྲུང་གོའི་ཧྭ་ཡེ་ཚན་རྩལ་བཟོ་ལས་ཚོགས་པ་ཚད་ཡོད་ཀུང་སིའི་ཏང་ཨུད་ཀྱི་ཧྲུའུ་ཅི་ཏུང་ཧྲི་ཀྲང་ཐེན་ཧའེ་ཅོན་དང་བཞུགས་མོལ་གནང་ཡོད།
གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རྒྱུན་ལས་ཧྲེ་ཀྲང་གཞོན་པ་ལིས་གོ་ཅན་དང་། གྲོང་ཨུད་ཀྱི་རྒྱུན་ཨུ་དྲུང་ཆེ་ཅཱ་ཤིན་ཡུས། ཧྲེ་ཀྲང་གཞོན་པ་ཐོགས་མེད་ཤེས་རབ་བཅས་ཞུགས་ཡོད།
ཀྲོང་ཅིན་སུང་གིས་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གི་ཚབ་ཞུས་ནས་ཐེན་ཧའེ་ཅོན་དང་བཅས་པ་ཆབ་མདོར་རྟོག་ཞིབ་ཕེབས་པར་སྙིང་དབུས་ནས་དགའ་བསུ་ཞུས་པ་དང་། ཁོང་གིས་ཆབ་མདོ་གྲོང་ཁྱེར་གྱིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་བཀོད་སྒྲིག་ལ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ་ལོ་ཧྲིལ་བོའི་དམིགས་ཚད་འོས་འགན་ཁག་ཧུར་ཐག་ངང་ལེགས་སྒྲུབ་བྱེད་པའི་མཚམས་སུ། ཏུང་ཧྲི་ཀྲང་ཀྲང་ཐེན་ཧའེ་ཅོན་དང་བཅས་པས་ཆབ་མདོར་རྟོག་ཞིབ་དང་། ངོ་འཕྲད་གྲོས་མོལ་བྱེད་པར་ཕེབས་ཏེ། ཆབ་མདོར་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བའི་ཐོག་ནས་ཀྲུང་གོའི་ཧྭ་ཡེ་ཚན་རྩལ་བཟོ་ལས་ཚོགས་པའི་ཆབ་སྲིད་ཀྱི་ཚུགས་གནས་མཐོ་པོ་དང་འགན་འཁྲི་འཁུར་སེམས་ཆེན་པོ་མཚོན་ཡོད་ལ། བྱ་སྤྱོད་དངོས་ཀྱི་ཐོག་ནས“ཀྲུང་དབྱང་ཁེ་ལས་ཀྱིས་ཏང་དང་། གཞུང་ཁོངས་ཁེ་ལས་ཀྱིས་རྒྱལ་ཁབ་ཀྱི་ཆེད་དུ་བརྩོན་པའི་རྩ་དོན་ལག་བསྟར་བྱས་པ་ཞིག་རེད་ཅེས་གསུངས་ཡོད།
ཀྲོང་ཅིན་སུང་གིས་བོད་ལྗོངས་ཀྱི“ཤར་སྒོ་ཆེ་མོ”ཞེས་བརྗོད་པའི་ཆབ་མདོ་ནི་སི་ཁྲོན་དང་། ཡུན་ནན། མཚོ་སྔོན་བཅས་འབྲེལ་མཐུད་བྱེད་སའི་ལྟེ་བ་ཞིག་ཡིན་ཞིང་ རིག་གནས་ཡུལ་སྐོར་ཐོན་ལས་དང་། ནུས་རྒྱུ་གཙང་མ། ལྗང་མདོག་གཏེར་ལས་བཅས་གསར་སྤེལ་བྱ་རྒྱུ་སྣེ་འདྲེན་དུ་བཟུང་ནས་དེང་རབས་ཀྱི་ཐོན་ལས་མ་ལག་འཛུགས་པ་དང་། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་འཐུས་སྒོ་ཚང་དུ་གཏོང་བ། ལྟེ་བའི་ཡན་ལག་གྲོང་ཁྱེར་འཛུགས་སྐྲུན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ་བཅས་བྱེད་བཞིན་ཡོད། ཀྲུང་གོའི་ཧྭ་ཡེ་ཚན་རྩལ་བཟོ་ལས་ཚོགས་པས་གཏེར་རི་དང་གྲོང་ཁྱེར་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཐད་འོས་ཐོབ་ཆ་ཚང་ལྡན་པ་དང་། ཉམས་མྱོང་ཕུན་སུམ་ཚོགས་པ། འདུ་ཤེས་སྔོན་ཐོན་བཅས་ཡིན་པས་བྱ་གཞག་མང་པོ་ཞིག་ཆབ་མདོ་འཕེལ་རྒྱས་གཏོང་བའི་ཐབས་ཇུས་དང་མཐུན་པོ་ཡོད། ཆབ་མདོས་ཀྲུང་གོའི་ཧྭ་ཡེ་ཚན་རྩལ་བཟོ་ལས་ཚོགས་པ་དང་འཕེལ་རྒྱས་ཀྱི་གོ་སྐབས་མཉམ་སྤྱོད་བྱས་ཏེ་ནུས་ཤུགས་ཡོད་རྒུས་ཞབས་ཞུ་འགན་ལེན་གྱི་ལས་དོན་ཁག་ཡག་པོ་སྒྲུབ་པ་དང་། ཚོང་གཉེར་གྱི་ཁོར་ཡུག་རྩེ་གྲ་བཟོ་བ་བཅས་བྱས་ཏེ། ཁེ་ལས་ཀྱིས་བློ་བདེའི་ངང་མ་འཇོག་བྱེད་པ་དང་། སེམས་བདེའི་ངང་གཉེར་སྐྱོང་བྱེད་པ། བློ་མཐུན་པའི་ངང་འཕེལ་རྒྱས་བཅས་ཡོང་བ་བྱེད་འདོད་ཡོད་ཅེས་ནན་བཤད་གནང་ཡོད།
ཐེན་ཧའེ་ཅོན་གྱིས་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་ཁེ་ལས་འཕེལ་རྒྱས་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་པ་མ་ཟད། ཁེ་ལས་འཕེལ་རྒྱས་ཀྱི་བརྒྱུད་རིམ་དང་ལས་སྒོ་ཁྱབ་ཚུལ་སོགས་ཀྱི་གནས་ཚུལ་མདོར་བསྡུས་ངོ་སྤྲོད་གནང་ཞིང་། ཁོང་གིས་ཆབ་མདོའི་ཐོན་ཁུངས་དང་ནུས་རྒྱུ་ཕུན་སུམ་ཚོགས་པ་དང་། ཚོང་གཉེར་ཁོར་ཡུག་ཡག་པ། རིག་གནས་ཀྱི་ནང་དོན་ཟབ་པ་བཅས་ཀྱི་ཐོག་ནས། ད་ཐེངས་ཆབ་མདོར་རྟོག་ཞིབ་བྱས་པ་དེས་ཆབ་མདོར་ཤེས་རྟོགས་སྔར་བས་གཏིང་ཟབ་བྱུང་ནས་རྗེས་མར་ཕྱོགས་གཉིས་པོའི་མཉམ་ལས་ལ་ཡིད་ཆེས་ཀྱིས་ཁེངས་ཡོད་པའི་བསམ་པ་བསྟན་ཡོད།