གླེང་གཞི།
ཐང་སྟོང་རྒྱལ་པོས་ཚེ་གང་རིང་འགྲིམ་འགྲུལ་གྱི་འགྲོ་ལམ་ཞན་པ་དང་ཟམ་པ་རྒྱག་ཐུབ་སའི་ཡུལ་གྲུ་གང་སར་ཕེབས་ནས་ལྕགས་ཟམ་ལྔ་བཅུ་ལྔ་བརྒྱད་དང་ཤིང་ཟམ་དྲུག་བཅུ་ཐམ་པ། གྲུ་ཤན་རྟ་མགོ་བརྒྱ་དང་བཅོ་བརྒྱད་བཅས་འཛུགས་གནང་མཛད། དེས་བོད་ཀྱི་འགྲིམ་འགྲུལ་བྱ་གཞག་ཐོག་འཕེལ་རྒྱས་ཡོང་རྒྱུར་ལེགས་སྐྱེས་བླ་ན་མེད་པ་ཕུལ་ཡོད་ལ། བོད་ཀྱི་དཔལ་འབྱོར་དང་རིག་གནས་སྔར་བས་འཕེལ་རྒྱས་ཡོང་རྒྱུར་འགྲིམ་འགྲུལ་གྱི་མཐུན་རྐྱེན་བཟང་པོ་གསར་སྐྲུན་མཛད་གནང་ཡོད། ལྕགས་ཟམ་འཛུགས་སྐྲུན་དང་ལྕགས་བཟོའི་ལག་རྩལ།ལྷ་མོའི་སྒྱུ་རྩལ་གསར་གཏོད་གནང་བ་སོགས་སྐུ་ཚེ་གང་པོར་མང་ཚོགས་ཀྱི་དོན་དུ་ཁ་ཡོད་ལག་ཡོད་ཀྱི་ཕན་པ་རླབས་པོ་ཆེ་འཇོག་གནང་མཛད་ཡོད། ད་ཐེངས་དཔྱད་རྩོམ་གྱི་ཁ་བྱང་འདི་བཞིན་བདམས་པའི་རྐྱེན་ནི། ད་ལྟའི་བར་དུ་བོད་ཀྱི་འཛུགས་སྐྲུན་དང་ཚན་རྩལ་རིག་གནས་སོགས་ལ་ཕྱོགས་གང་ཅིའི་ཐད་ནས་ཞིབ་འཇུག་གཏིང་ཟབ་བྱེད་ཀྱི་ཡོད། འོན་ཀྱང་བོད་ཀྱི་ཨར་སྐྲུན་ལག་རྩལ་ལ་ཞིབ་འཇུག་དང་དོ་སྣང་ཆེན་པོ་མེད་པ་དང་གཅིག གཉིས་ནས་ང་ཚོས་རླབས་ཆེན་མེས་པོས་བཞག་པའི་རིག་གནས་ལ་རྒྱུས་མངའ་གཏིང་ཟབ་ཡོང་བའི་ཆེད། གསུམ་ནས་ཁོང་དང་ཁོང་འདྲ་བའི་ཁ་ཡོད་ལག་ཡོད་ཀྱི་དམངས་ཕན་བྱ་བཟང་སྐྲུན་མཁན་ལ་མོས་གུས་དང་ཡིད་རངས་ཞུ་བ་བཅས་ཀྱི་ཆེད་དུ་ཡིན།
དང་པོ། གྲུབ་ཐོབ་ཐང་སྟོང་རྒྱལ་པོའི་ངོ་སྤྲོད་མདོར་བསྡུས།
གཅིག འཁྲུངས་འདས་སྐོར།
དེ་ཡང་གྲུབ་ཐོབ་ཐང་སྟོང་རྒྱལ་པོའི་འཁྲུངས་འདས་ལོ་ཚིགས་སྐོར་བོད་ཀྱི་ལོ་རྒྱུས་དེབ་ཐེར་ཁག་ནང་བཞེད་པ་མི་འདྲ་བ་འགའ་ཤས་བྱུང་ཡོད།
གྲུབ་ཆེན་ཐང་སྟོང་རྒྱལ་པོ་ནི་བོད་ལྗོངས་གཙང་སྟོད་ངམ་རིང་རྫོངས་ཁོངས་མདོ་དཔེ་རིན་ཆེན་སྡིངས་དང་ཉེ་བའི་འོ་བ་ལྷ་རྩེ་ཞེས་ཡབ་རྡོ་རྗེ་རྒྱན་མཚན་དང་ཡུམ་རྒྱ་གར་ལྷ་མོའི་སྲས་སུ་རབ་བྱུང་དྲུག་པའི་ལྕགས་གླང་ལོར།“《གཡུ་ཕྲེང》ལས་1361ལོར་སྐུ་འཁྲུངས་པ་དང་དགུང་ལོ་རྒྱ་དང་ཉི་ཤུ་རྩ་ལྔ་པ་སྤྱི་ལོ་1485བོད་རབ་བྱུང་བརྒྱད་པའི་ཤིང་སྦྲུལ་ལོར་གཅུང་རི་བོར་ཆེར་མྱ་ངན་འདས་པའི་ཚུལ་བསྟན་(དགུང་ལོ125འཚོ་བཞུགས་གནང་བ) ཡང་《ཐང་རྒྱལ་རྣམ་ཐར་》ལས་1385ལོར་སྐུ་འཁྲུངས་པ་དང་1464ལོར་སྐུ་འདས་ (དགུང་གྲངས་80འཚོ་བཞུགས་གནང་བ) 《བོད་རྒྱ་ཚིག་མཛོད་ཆེན་མོ》ལས་རབ་བྱུང་དྲུག་པའི་ཤིང་གླང་ལོར1385ནས་1509ལོར་སྐུ་འདས་(དགུང་གྲངས་125འཚོ་བཞུགས་གནང་བ)”མདོར་ན་གྲུབ་ཐོབ་ཐང་སྟོང་རྒྱལ་པོའི་འཁྲུངས་ལོ་དང་འཁྲུངས་འདས་ལའི་སྐོར་བོད་ཀྱི་ལོ་རྒྱུས་དེབ་ཐེར་ཁག་དང་། རིག་གཞུང་ཁག་ནང་བཞེད་པ་མི་འདྲ་བ་ཁག་མང་པོ་འདུག ཁོང་གི་ཡབ་ཡུམ་གཉིས་ལ་སྲས་མིང་སྲིང་དྲུག་ཡོད་རིམ་བཞིན་སྲས་སེ་རོ་དཔལ། སློབ་དཔོན་དཔལ་ཚུལ། ཁྲོ་བོ་དཔལ་ལྡན། འཕན་པོ་ལྔ་དར། ལྕམ་མོ་དཔལ་འཛིན་དང་རྡོ་རྗེ་མ་བཅས་ལྕམ་སྲིང་དྲུག་ཡོད་པ་ལས་ཁོང་ནི་གསུམ་པ་ཡིན་ཞེས་《གཡུ་ཕྲེང་》ལས་གསལ།
གཉིས། མིང་གི་ཐོགས་ཚུལ།
དེ་ཡང་མིའི་རིགས་ཀྱི་ལོ་རྒྱུས་ནང་མི་སྣ་ཁག་ལ་རང་སོ་སོའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་དང་བསྟུན་ཏེ་དོན་སྙིང་ལྡན་པའི་མཚན་མང་ཤས་འབྱུང་བ་ནི་ཀུན་གྱིས་མཁྱེན་གསལ་ལྟར་ཡིན། དེ་ཡང་གྲུབ་ཐོབ་ཐང་སྟོང་རྒྱལ་པོ་ལའང་ཐུན་མོང་མ་ཡིན་པའི་མཚན་འགའ་ཡོད་པ་གཤམ་གསལ།
ཐང་སྟོང་རྒྱལ་པོའི་མཚན་ལ་ཆུང་དུས་སུ་ཁྲོ་བོ་དཔལ་ལྡན་དུ་འབོད་ཅིང་། ཁོང་ཆུང་དུས་ནས་བློ་རྣོ་ཞིང་ཕན་སེམས་ཆེ་བས་ཕ་མ་གཉིས་ཀྱིས་དགོན་པ་བྱང་སྡིངས་སུ་ཆོས་སྐྱོང་དཔལ་བའི་དྲུང་དུ་ཀློག་ཡིག་སློབ་པར་བསྐྱལ། ཉི་མ་སེང་གེའི་དྲུང་ནས་རབ་བྱུང་གི་སྡོམ་པ་བཞེས་པས་མཚན་ལ་བརྩོན་གྲུས་སེང་གེ་ཞེས་གསོལ། དཔལ་ལྡན་ས་སྐྱར་བཀའ་བཞི་གྲ་སྐོར་ལ་བྱོན། སྐབས་དེར་གྲྭ་སྐོར་བ་གྲོགས་མཆེད་གཞན་གྱིས་མཁས་པར་རློམ་པའི་གཞུང་བཤད་རྒྱས་པར་བྱེད་པ་དག་ནི་ཁ་མཁས་ཀྱང་དོན་མ་གོ་བར་རང་རྒྱུད་གྱོང་པོ་མི་ཐུལ་བར་དགོངས་ཏེ་ཆོས་བརྒྱད་མགོ་སྙོམ་ཀྱི་བརྟུལ་ཞུགས་ལྷུར་བཞེས་ཏེ་གཞན་གྱི་འཕྱ་བ་སོགས་ལའང་ཇི་མི་སྙམ་པར་བཞུགས་པས་བརྩོན་འགྲུས་སྨྱོན་པར་གྲགས། མདོ་སྟོད་སྐྱ་རའི་དགོན་དུ་དཀའ་ལྔ་པ་དཔལ་འབྱོར་ཤེས་རབ་ཀྱི་མཁན་པོ་མཛད་པས་སློབ་དད་པའི་དགེ་འདུན་གྲངས་ཚང་བའི་དབུས་ནས་བསྙེན་པར་རྫོགས་པས་མཚན་ལ་བརྩོན་འགྲུས་བཟང་པོ་ཞེས་གསོལ། གཞན་ཡང་སྐྱེ་བུ་དམ་པ་དུ་མའི་དྲུང་ནས་ཟབ་ཆོས་མཐའ་ཡས་པ་གསན་ཅིང་དབེན་གནས་རྣམས་སུ་དཀའ་ཐུབ་པ་དུར་ཁྲོད་དང་རི་ཁྲོད་དུ་མར་གསང་བའི་སྤྱོད་པས་འགྲོ་དོན་མཐའ་ཡས་པ་མཛད་དེ་ཚེ་གཙང་རྒྱལ་སྡེའི་མཁའ་འགྲོ་མ་ལྔས་གླུ་བླངས་ཏེ་གླུ་ཚིག་ལ། “ཁྱབ་གདལ་ཆེན་པོའི་ཐང་ཆེན་ན།། སྟོང་ཉིད་རྟོགས་པའི་རྣལ་འབྱོར་པ།། འཇིགས་མེད་རྒྱལ་པོ་ལྟ་བུར་བཞུགས།། དེ་ཕྱིར་ཐང་སྟོང་རྒྱལ་པོར་ཐོགས།། གཞན་ཡང་ཆུ་ལུང་དྲག་པོའི་ཐོག་ཏུ་སྲ་གཏན་ལྕགས་ཟམ་བཙུགས་གནང་བའི་མིང་ལ་ལྕགས་ཟམ་པ་ཞེས་གསོལ་དེ་བཞིན་ལུང་སྟོན་སྨྱོན་པ། ཟས་བཅུད་ལེན་མཁན། རྐྱེན་རོ་སྙོམས་མཁན། ཆོས་རྣམས་སྐྱགས་གཏད་མེད་པ་བཅས་མཚན་དུ་མ་གསོལ་ཡོད།”
གསུམ། སློབ་གཉེར་བྱས་ཚུལ།
དགུང་ལོ་ལྔ་ལ་སླེབས་སྐབས་ཡབ་ཡུམ་གྱི་ར་ལུག་འཚོ་བར་བཏང་བས་ཁོང་གིས་ཀུན་སྤངས་དོན་ཡོད་རྒྱན་མཚན་གྱི་ཆོས་རར་བྱོན་ནས་དབང་མང་པོ་གསན། དེ་ནས་དགོན་པ་བྱངས་སྡིངས་སུ་ཆོས་སྐྱོང་དཔལ་བའི་དྲུང་དུ་ཀློག་ཡིག་སློབ་པར་བསྐྱལ། དེ་ནས་ཁོང་གི་སྙིང་རུས་ཆེན་པོས་སློབ་གཉེར་མཛད་པས་མ་རིངས་པར་བོད་ཡིག་དང་ལཉྩ། ཝརྟུ་སོགས་བརྡ་སྤྲོད་རིག་པའི་གནས་ལ་ཤིན་ཏུ་མཁས་པར་གྱུར། དེ་ནས་དགོན་པ་བྱང་སྡིངས་སུ་རབ་ཏུ་བྱུང་། མདོ་སྟོད་སྐྱ་རའི་དགོན་པར་དཀའ་ལྔ་པ་དཔལ་འབྱོར་ཤེས་རབ་ཀྱི་དྲུང་ནས་ཕྱག་རྒྱ་ཆེན་པོ་ལྔ་ལྡན། ལྷན་ཅིག་སྐྱེས་སྦྱོར། གང་གྰ་མ། ནྰ་རོ། ནི་གུ། དམར་ཁྲིད། སྦྱོར་དྲུག་སོགས་སྨིན་བྱེད་ཀྱི་ལམ་དང་འགྲོལ་བྱེད་ཀྱི་ལམ་སོགས་བུམ་པ་གང་བྱོ་གནང་། ངམ་རིང་ཆོས་སྡེར་མཁས་པ་བློ་གྲོས་རྡོ་རྗེ་དང་།དཀོན་མཆོག་དར་མ་ལས་ཚད་མ་རྣམ་འགྲེལ་མངོན་པར་རྟོགས་པའི་རྒྱན། བྱམས་པའི་ཆོས་ལྔ།འདུལ་བ་དང་མངོན་པའི་སྡེ་སྣོད་ཀྱི་རིག་ལམ་མང་པོ་གསན།དེ་རྗེས་གངས་བུ་ལེར་དར་མ་དཔལ་བ་ལས་ཆུའི་དཀའ་ཐུབ་ཀྱི་གདམས་པ་དང་རེད་མདའ་བ་གཞོན་ནུ་བློ་གྲོས་དང་བྱ་ཕུར་བ་སོགས་ལས་གསང་སྔགས་གསར་རྙིང་དང་། མེ་རླུང་གི་སྒོམ་ཐབས་སོགས་གསན་ནས་གཅིག་ཏུ་མ་ངེས་པའི་དབེན་ནས་སུ་ལོ་མང་རིང་སྒོམ་སྒྲུབ་ལ་གཞོལ། དེ་ནས་བལ་ཡུལ་ལ་ཕེབས་ནས་པཎྡི་ཏ་མ་ཧཱབོ་དྷིའི་དྲུང་ནས་འཁོར་ལོའི་སྡོམ་པའི་དབང་དང་རྒྱུད་མང་པོའི་ལུང་ཞུས། དེ་ནས་རྒྱ་གར་དང་བལ་ཡུལ་གྱི་ས་མཚམས་གཡའ་རི་སྒོ་ལྔར་རིག་འཛིན་ཆེན་པོ་ཧཱ་རྨ་རཏྣའི་དྲུང་ནས་ལོ་ལྔའི་རིང་ཟབ་ཆོས་མང་པོ་གསན། དེ་ནས་བྱང་སེམས་སྦྱིན་པ་བཟང་པོའི་དྲུང་ནས་ནི་གུའི་ཆོས་དྲུག་གསན་ཏེ་དབེན་པར་ཉམས་སུ་བཞེས། དེ་ནས་ཐར་པ་གླིང་དུ་མཆོག་བཟང་ལེགས་པའི་བློ་གྲོས་ཀྱི་དྲུང་ནས་ཕྱག་རྒྱ་ཆེན་པོ་གང་ག་མ་དང་། གའུ་མ་སོགས་གང་བུ་ལེའི་དབྱི་ལུང་དགའ་ལྡན་རྩེར་རྗེ་བཙུན་རེ་མདའ་བ་ནས་གཤིན་རྗེ་དམར་ནག་གཤེད་དམར་ནག་འཇིག་གསམ་གྱི་དབང་དང་སླེ་ཁ་བ་ཤེས་རབ་བཟང་པོའི་དྲུང་ནས་དུས་འཁོར་གྱི་དབང་སོགས། གཞན་ཡང་སྐྱེས་བུ་དམ་པ་དུ་མ་ནས་ཟབ་ཆོས་མཐའ་ཡས་པ་གསན་ཅིང་དབེན་ནས་མཛད། དུར་ཁྲོད་ལ་སོགས་གཉེན་པའི་རི་ཁྲོད་དུ་མར་གསང་བའི་སྤྱོད་འགྲོ་དོན་མཐའ་ཡས་པ་མཛད་དོ།།
གཉིས་པ། བོད་ལ་ལྕགས་ཟམ་འཛུགས་སྐྲུན་གྱི་ལག་རྩལ་དུས་ཇི་ཙམ་ནས་བྱུང་བ་དང་ཐང་སྟོང་རྒྱལ་པོས་ལྕགས་ཟམ་བཙུགས་ཚུལ།
གཅིག ཐང་སྟོང་གོང་གི་ལྕགས་ཟམ།
བོད་ཀྱི་ཡུལ་འདེར་གཏེར་རྡོ་བཞུས་ནས་གསེར་དངུལ་ཟངས་ལྕགས་རྣམས་བཏོན་པའི་ལག་རྩལ་དེ་ད་ཕན་ལོ་ངོ་ཉིས་སྟོང་ལྷག་གི་ལོ་རྒྱུས་དང་ལྡན་པ་ཁུངས་ལྡན་གྱི་ཡིག་ཆ་རྣམས་སུ་གསལ་བ་ལྟར། རུ་ལས་སྐྱེས་ཀྱི་སྐབས་སུ་བརྒལ་བའི་མི་ཐར་ཆུ་ལ་ཟམ་པ་བཙུགས་ཞེས་འཁོད་པ་ཙམ་ལས་ཟམ་ཆེན་དེ་རིགས་རྒྱུ་གང་ལས་གྲུབ་མིན་སྐོར་གསལ་བར་མི་འཁོད་མེད། འོན་ཀྱང་གནའ་བོའི་ཟམ་ཆེན་ནི་རྒྱུ་རྡོ་ཤིང་ལྕགས་ལས་གྲུབ་པའི་ཟམ་པ་ཞིག་ཡིན་པ་རིག་པས་དཔྱད་ཐུབ་པ་ཞིག་རེད། མཛངས་མི་རུ་ལས་སྐེས་ཀྱི་དུས་ནས་གཏེར་ལས་ཐོན་སྐྱེད་ཀྱི་སྲོལ་དར་སྤེལ་བྱུང་བས་བོད་དམངས་ཀྱི་ཁྲོད་ལྕགས་རིགས་བཀོལ་སྤྱོད་ཡོང་ཁྱབ་ཏུ་སོང་ཡོད་པ་དེས་ལྕགས་ཀྱི་ཟམ་པ་འཛུགས་པའི་ལག་རྩལ་གྱི་རྨང་གཞི་གཏིང་ཡོད།སྤུར་རྒྱལ་དུས་ཀྱི་མཛངས་མི་གཉིས་པ་ལྷ་བུ་མགོ་དཀར་གྱི་དུས་སུ་ལྕགས་ཟམ་སྐྲུན་པའི་ལག་རྩལ་ཡང་དངོས་སུ་དར་ཡོད།འོན་ཀྱང་སྐབས་དེར་ལག་རྩལ་རྣམས་ཉམས་ཉེས་སོང་བས་ཀོ་གྲུ་དང་གྲུ་ཤན་ཉུང་ངུ་ལས་མེད་པས་ཕར་འགྲོ་ཚུར་འོངས་སྐབས་མི་རྣམས་གཙང་འགྲམ་དུ་ཉིན་ཞག་མང་པོ་སྒུག་བསྡད་ཀྱི་ཡོད་པ་སོགས་《གཡུ་ཕྲེང་》སོགས་ལས་གསལ།མདོར་ན་ལྕགས་ཟམ་བཟོ་སྐྲུན་བྱེད་པའི་ལག་རྩལ་ཆེས་སྔ་བའི་དུས་ནི་དུས་རབས་བདུན་པའི་ནང་རྒྱལ་པོ་སྲོང་བཙན་སྒམ་པོས་ཕོ་བྲང་བཞེངས་པའི་སྐབས་སུ་རྒྱལ་པོའི་སྐུ་མཁར་དང་བཙུན་མོའི་སྐུ་མཁར་བར་ལྕགས་ཟམ་གྱི་འབྲེལ་ཡོད་སྐོར་《རྒྱལ་རབས་གསལ་མེ》སོགས་སུ་གསལ།
གཉིས། ཐང་སྟོང་སྐབས་ཀྱི་ལྕགས་ཟམ།
༡ ཐང་རྒྱལ་གྱི་ལྕགས་ཟམ་སྐྲུན་པའི་ཀུན་སློང་།
ཐང་སྟོང་རྒྱལ་པོ་ར་ལུག་འཚོ་བར་འགྲོ་སྐབས། ཉིན་ཞིག་ཐང་སྟོང་ལུག་འཚོ་བར་འགྲོ་སྐབས་རི་ཐོག་ནས་རྒྱང་རིང་གི་གཙང་ཆབ་ཐོག་སྐྱེ་འགྲོ་མང་པོ་ཆུའི་ཐོག་ཕར་འགྲོ་ཚུར་འོངས་བྱེད་པར་དཀའ་བས་མི་དང་དུད་འགྲོ་མང་པོའི་སྲོག་དོན་མེད་ཤོར་བ་མཐོང་དུས་སེམས་ཤིན་ཏུ་ཕངས་ནས་རང་ཉིད་ཀྱི་ཆོད་སེམས་དེ་འདྲ་ཞིག་བཞག་ཡོད་ལ་ཕྱིས་སུ་མངོན་འགྱུར་ཡང་བྱུང་ཡོད། འོན་ཀྱང་ང་དང་འདྲ་བའི་སྐྱེ་བོ་དེ་དག་ཆུང་དུས་ཀྱི་ཕུགས་བསམ་ནི་རང་དོན་ཙམ་ལས་གཞན་ཕན་རྩ་བ་ནས་བསམ་མྱོང་མེད།
མདོ་དབུས་སུ་ཆོས་རྒྱུད་སྤེལ་བའི་སྐབས། ཐང་སྟོང་ཁོང་རྒྱ་གར་དང་བལ་པོ་སོགས་ནས་ལོ་བཅོ་བརྒྱད་ལྷག་གནང་རྗེས་མདོ་དབུས་ཁམས་གསུམ་ནས་ཆོས་རྒྱུད་སྤེལ་བའི་སྐབས་སུ་རི་ལུང་མང་པོ་བརྒལ་བའི་ཁྲོད་དུ་བོད་ཁུལ་རི་མཐོ་ཞིང་གཡང་གཟར་ལ་ཆུ་བོ་མང་པོ་དྲག་ཏུ་བབས་པས་མི་དང་ཕྱུགས་ཟོག་ཕར་འགྲོ་ཚུར་འོངས་ཧ་ཅང་དཀའ་ལ་མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བ་ལའང་དཀའ་ལས་གང་མངས་བཟོས་པས་ཟློས་གར་འཁྲབ་སྟོན་གྱི་རྣམ་པའི་ཐོག་ནས་སློང་མོ་བྱས་ཏེ་ཟམ་པ་འཛུགས་པའི་བསམ་ཚུལ་ཞིག་དབང་མེད་དུ་འཁོར། ཐང་སྟོང་ཐེངས་གཅིག་ཚལ་གུང་ཐང་ནས་ལྷ་སར་འགྲོ་བས་སྐབས་སྐྱིད་ཆུའི་གྲུ་ཁར་གྲུ་ནང་དུ་བཞུགས་པས་མཉན་པ་མི་གཞན་ལ་འཚིག་པ་བཟས། ང་ལ་མ་དྲིས་པར་ཤན་ཏུ་འཇུག་པ་གང་ཡིན་མི་དྲག་པ་ཚོ་ཆུ་ལ་ཁྱེར་ན་ཁྱེད་ཀྱིས་ཁག་ཐེགས་སམ་ཟེར་ནས་དབུ་ལ་ཤན་སྐྱ་ལན་གསུམ་བརྒྱབ་ནས་ཁོང་གྲུ་ནང་ནས་ཆུ་ལ་བསྐྱུར་བྱུང་བས་གྲུབ་ཐོབ་ཆེན་པོའི་དགོངས་པ་ལ། ཁ་དྲག་ཅིང་ནོར་ཡོད་པ་རྣམས་ཀྱི་དབང་དུ་སོང་། སྙོམས་ཆུང་རྣམས་གྲུ་ལ་མི་འཇུག་ཆུ་ལ་བརྒལ་མི་ནུས་པས་སྙིང་རྗེ་དབང་མེད་དུ་སྐྱེས་ནས་རང་གཉིད་ཆུང་དུས་ཀྱི་ཆོད་སེམས་དང་ལྷ་མོ་རྣམས་ཀྱི་རིན་ཆེན་ལྕགས་ཟམ་འཛུགས་པར་ཡང་ཡང་བསྐུལ་བ་ལྟར་ལྕགས་ཀྱི་ཟམ་པ་འཛུགས་རྒྱུའི་དམ་ བཅའ་སྔར་བས་བརྟན་དུ་སོང་།
༢ ལྕགས་ཟམ་སྐྲུན་པའི་བརྒྱུད་རིམ།
ཆུ་བའི་ཐོག་ཏུ་ཟམ་པ་བཙུགས་པའི་ལོ་རྒྱུས་ནི་ཤིན་ཏུ་སྔ་ཡང་རང་ཉིད་ཀྱི་མཇལ་བའི་ལོ་རྒྱུས་རྣམས་སུ་དེ་ཙམ་གྱི་ཁ་གསལ་བར་འཁོད་མིན་འདུག དེ་ནས་སྤྱི་ཚོགས་འཕེལ་རྒྱལ་འགྲོ་བ་དང་ཆབ་ཅིག་བོད་ཀྱི་ཟམ་པ་བཟོ་སྐྲུན་གྱི་ལག་རྩལ་དེའང་རིམ་བཞིན་གོང་དུ་འཕེལ། ཡུལ་གྲུ་མང་པོར་གནའ་བོའི་ཟམ་པའི་ཤུལ་མང་པོ་དངོས་སུ་མཇལ་རྒྱུ་ཡོད་ལྷག་པར་དུ་ཕག་གྲུའི་སྲིད་དབང་སྐབས་སུ་བོད་ཡོངས་ལ་ཡུལ་ལུང་བདེ་ཞིང་དཔལ་འབྱོར་གོང་དུ་འཕེལ་བ་དང་བསྟུན་མཁས་པའི་ཁྱུ་ཚོགས་ཀྱི་དབུས་ནས་ཐང་སྟོང་རྒྱལ་པོ་ཁོང་བཟོ་རིགས་ལ་ཁྱད་དུ་འཕགས་པ་ཞིག་ཡིན་པས་ཁོང་གིས་ཐབས་ལམ་སྣ་ཚོགས་རྒྱུད་བོད་ཀྱི་ཡུལ་འདིར་ལྕགས་ཟམ་དང་ཤིང་ཟམ་སོགས་འཛུགས་པའི་ཆེད་དངོས་པོའི་ཆ་རྐྱེན་སྐྲུན་ཡོད། དེ་རྗེས་ལྕགས་རྣམས་ལྕགས་ཟམ་འཛུགས་ཡུལ་གྱི་ས་ཆ་(ཕག་རི། དཔལ་ཆུ་བོ་རི། ལ་སྟོད་བྱང་། ཉ་མགོ་གྲུ་ཁ། ལྷ་གདོང་ཤན་ཁ་སོགས)ཁག་ལ་སྐྱེལ་འདྲེན་བྱེད་པ་དང་། དེ་ནས་ཁོང་ཉིད་ཟམ་པ་འཛུགས་སའི་གནས་ཁག་ལ་ཕྱིན་ནས་སློབ་མ་རྣམས་ལ་ཇུས་འགོད་དང་། གཞི་འདིང་སྟངས་སོགས། ལྕགས་ཐག་འཐེན་སྟངས་སོགས་ཞིབ་པར་བསླབས་རྗེས་ལྷ་སར་ཕེབས། སྤྱི་ལོ1430ལོར་ལྷ་སའི་སྐྱིད་ཆུའི་ལྕགས་ཟམ་ལས་འགོ་ཚུགས། དེ་ནི་གྲུབ་ཆེན་སྐུ་ངོ་མས་བཀོད་འདོམས་གནང་ནས་བརྒྱབ་པའི་ཟམ་ཆེན་ཐོག་མ་དེ་ཡིན། མི་ལོ་ལྔ་བཅུ་ང་ལྔའི་རིང་ཟམ་པ་འཛུགས་སྐབས་གང་ཅིའི་དཀའ་ངལ་ཕྲད་པ་རྣམས་ཁྱད་བསད་གནང་ནས་མཐར་རབ་བྱུང་བརྒྱད་པའི་ཤིང་སྦྲུལ་ལོར་(1485)ལོར་ཡར་ཀླུང་ཉ་མགོ་གྲུ་ཁའི་ལྕགས་ཟམ་ལེགས་པར་གྲུབ་པ་བཅས་འདི་ནི་ཐང་སྟོང་རྒྱལ་པོས་འཛུགས་པར་མཛད་པའི་མཐའ་འཇུག་གི་ལྕགས་ཟམ་དེ་ཡིན། བྱང་ཕྱོགས་ཀྱི་ཟམ་པ་རྣམས་ལེགས་གྲུབ་ཟིན། མདོར་ན་ལུའུ་ཏིང་ལྕགས་ཟམ་དེ་ཡང་ཐོག་མར་གྲུབ་ཆེན་ཁོང་གི་བཙུགས་པ་ཡིན་ཞེས་གྲགས། ཁོང་གི་སྐུ་ཚེ་ཧྲིལ་པོ་མི་དམངས་ཀྱི་དོན་དུ་ཕན་ཐོགས་པའི་བྱ་བཟང་ཇི་སྙེད་ཅིག་མཛད།
གསུམ་པ། ལྕགས་ཟམ་བཟོ་བཀོད་ལག་རྩལ་གྱི་ཁྱད་ཆོས།
གཅིག རྒྱུ་ཆ་འཚོལ་སྡུད་ཇི་ལྟར་བྱས་པ།
ཐང་སྟོང་རང་ཉིད་ནི་རྣལ་འབྱོར་པ་ཞིག་ཡིན་པས་དཔལ་འབྱོར་གྱི་ཡོངས་ཁུངས་གཞན་མེད་སྟབས་ཡར་ཀླུང་ནས་བུ་མོ་བདུན་ལ་ལྷ་མོ་འཁྲབ་སྟངས་བསླབས། རྔ་བརྡུང་སྦུབ་དཀྲོལ་བ་མཛད་ནས་རྣམ་ཐར་འཐེན་པའི་ཐབས་ལ་བརྟེན་ནས་ཟམ་པའི་མཐུན་རྐྱེན་སློང་བར་མཛད། ཡང་《བོད་ཀྱི་ལྷ་མོའི་འཁྲབ་གཞུང་》ནང་གསལ་བ་ལྟར་སྐབས་དེར་ལྕགས་ཀྱི་ཕུར་མདའ་ཟམ་སྣེ་བཀལ་སྐབས་མི་ཤུགས་ཀྱི་མི་འདང་བ་སོགས་ཀྱི་རྐྱེན་པས་ལྕགས་ཐག་ཡང་ཡང་ཆུ་ལ་ལྷུང་ནས་ཟམ་བཟོ་ལས་འགན་བདེ་བླགས་མ་སྒྲུབ་དེ་ནས་ཐོག་མའི་རྒྱབ་སྐྱོར་མཛད་མཁན་ཁག་ལ་བསྐྱར་དུ་རོགས་སྐྱོར་ཞུ་རྒྱུ་བྲལ་བས་སླར་ཡང་དད་སྦྱིན་གཞན་ལ་དགེ་སྐུལ་སློང་མོ་ཞུ་རྒྱུ་ལས་མ་འདས། དེ་ནས་ལས་མིའི་ཁོངས་སུ་གླུ་གཞས་ལ་ཤིན་ཏུ་མཁས་མའི་བུ་མོ་སྤུན་བདུན་ཞིག་ཡོད་པ་དེ་དག་ལ་གྲུབ་ཐོབ་ཀྱི་འཁྲབ་སྟོན་སྒྱུ་རྩལ་སོགས་བསླབ། མདོར་ན་རང་ཉིད་ཀྱི་བསམ་གཞིགས་ལྟར་ན་བུ་མོ་སྤུན་བདུན་དེ་དག་ཐང་སྟོང་གི་ཡར་ལུང་ནས་གདན་དྲངས་པ་མ་ཡིན་པར་ལས་མའི་ཁོངས་ནས་བསྡུས་པ་ཡིན་སྙམ། འོན་ཀྱང་ལུང་རིགས་ཀྱི་རྒྱབ་རྟེན་མེད། འབངས་དུ་མས་གསེར་ཞོ་རྒྱ་ཐམ་པ་སྦྱིན་པ་དེ་བསྣམས་ཏེ་ཀོང་པོར་ལྕགས་འཚོལ་བར་ཕེབས། དེ་ནས་རིམ་བཞིན་སློབ་མ་ལྔ་བཅུ་ཙམ་ཁྲིད་དེ་གནས་ངེས་མེད་ལ་ཕེབས་ཏེ་ས་ཆ་དེའི་མང་ཚོགས་ལ་ལྕགས་ཟམ་འཛུགས་པའི་དགེ་མཚན་མང་པོ་དྲིལ་བསྒྲགས་བྱས་ཏེ་ལྕགས་ཀྱི་སློང་མོ་མཛད་པ་དང་། རང་ཉིད་ཀོང་པོ་སྨན་མོ་སྒང་དུ་ལྕགས་ཀྱི་གཏེར་ཁ་བསྔོགས་ནས་བཞུ་བསྦྱངས་གནང་བ་ཀོང་པོ་བ་མང་པོས་ལྕགས་ཕུལ་བ་དེ་དག་མགར་བ་མང་པོ་བསགས་ནས་ལྕགས་བརྡུངས།དེ་ནས་དད་ལྡན་མང་ཚོགས་རྣམས་ལྕགས་ཕུལ་བ་ཙམ་མ་ཟད། མགར་བ་མང་པོ་དང་ལྷན་དུ་བཟོ་མཛད་ཐང་སྟོང་རང་ཉིད་མཚན་མོ་དད་ལྡན་ལ་ཆོས་གསུངས། ཉིན་མོ་མགར་བ་དང་མཉམ་དུ་ལས་བཟོ་མཛད་ནས་མཐར་ལྕགས་གུག་རྐང་བུ་སྟོང་ཕྲག་མང་པོ་བཟོ་བརྡུངས་མཛད། དེ་ནས་སྐྱེལ་འདྲེལ་གྱི་མཛོ་གཡག་ཀྱང་ཀོང་པོ་བ་རྣམས་ལ་སྐུལ་མ་གནང་ནས་དབུས་གཙང་དང་གནས་ངེས་མེད་ཕྱོགས་སུ་བརྫངས།དེ་ནས་ལྕགས་ཟམ་སྐྲུན་སའི་ས་ཆ་ཁག་གི་སེར་སྐྱ་ཀུན་ལ་གཙང་པོའི་ལྷོ་བྱང་གཉིས་སུ་རྡོ་གསོག་པའི་སྐུལ་མ་གནང་། སླར་ཡང་ཐང་སྟོང་གཙང་སྟོད་དུ་ཕྱིན་ནས་འབུལ་བ་བྱུང་ཚད་ལྕགས་ལ་བསྒྲིལ་ནས་ལྕགས་གུག་རྐང་བུ་བརྡུངས་ནས་ལྕགས་ཕུར་རྣམས་མ་སྐུལ་དང་བླངས་ངང་། ཕག་རི་དང་ལ་སྟོད་བྱང་ལ་དྲངས། གཞན་ཡང་དབུས་གཙང་ཁམས་གསུམ་དང་མོན་ཡུལ་སོགས་སུ་ཕེབས་ནས་ལྕགས་མང་པོ་བསྒྲུབས་དེ་ནས་སླར་ཡང་ཀོང་ཡུལ་ལ་ཕེབས་ནས་ཀོང་པའི་ཡུལ་གྲུར་ལྕགས་ཀྱི་གཏེར་ཁ་མི་གཅིག་པ་མང་པོ་བྱུང་། དེ་ནས་སྔ་ས་ནས་ཀོང་པོ་རྩ་གོང་དུ་ཆེད་དུ་མངགས་ནས་བཞག་པའི་སློབ་མ་རྣམས་ཀྱི་ཐང་སྟོང་གི་མདུན་དུ་ལྕགས་གུག་རྐང་དུ་མ་སྔ་ས་ནས་སྤུངས། དེ་ལྟར་སློང་མོ་དང་འབུལ་བ་བྱུང་བའི་ལྕགས་རི་ལྟར་སྤུངས་པ་རྣམས་ཀོང་པོ་བ་རྣམས་ལ་རྔན་པ་ཆེན་པོ་གནང་ནས་ལྕགས་ཟམ་འཛུགས་སའི་གནས་ཁག་ལ་བརྫངས་སོ།།
གཉིས། ལྕགས་ཟམ་འཛུགས་སྟངས་དང་ལྕགས་ཟམ་གྱི་ཁྱད་ཆོས།
དང་ཐོག་མི་སེར་རྣམས་ཀྱིས་རྡོ་བོ་མང་དུ་བསགས་ནས་ཆུའི་བྱང་དུ་ཟམ་རྟེན་བརྩེགས་ཤིང་ལྷོ་ཕྱོགས་སུ་བྲག་ལ་ལྕགས་ཕུར་བཏབ་ནས་ལྕགས་ཐག་གི་སྣེ་གཉིས་བཀལ་བ། གཞན་ཡང་ཡར་ཀླུང་ཉ་མགོ་གྲུ་ཀའི་ལྕགས་ཟམ་བཙུགས་པའི་ཚུལ་ནི་མདུང་ཤིན་ཏུ་རིང་བ་ལ་འཕྱར་དར་གྱིས་མཛེས་པ་གཙང་བོའི་དབུས་སུ་བཙུགས། ལྷོ་བྱང་གཉིས་ཀ་ལ་རྡོ་ཤིན་ཏུ་དཀོན་ཡང་བྱེ་མའི་གསེབ་ནས་རྡོ་བཏོན་ཏེ་ཤན་དང་ཀོ་བ་རྣམས་སུ་བཅུག་ནས་དར་ཆེན་གྱི་དྲུང་དུ་སླེབས་པ་དང་རྡོ་རྣམས་ཆུ་ཀླུང་ཆེན་པོ་ལ་བསྐྱུར། ཡང་གཙང་པོ་ཁ་ཞེང་ཆེ་ཡང་གཏིང་ཚད་ཧ་ཅང་ཟབ་མོ་མིན་པའི་རིགས་ཏེ་ལྷ་ས། ཆུ་ཤུར། ཉ་མགོ་ལྟ་བུར་ཆུ་ལུང་གི་དབུས་སུ་ཟམ་བུམ་བརྩེགས་ནས་ལྕགས་ཐག་དུམ་བུ་ཕྱོགས་གཉིས་སུ་འབྲེལ་ཡོད་ལ་ཆུ་ལུང་གཏིང་ཟབ་ལ་ཆུ་བཞུར་ཤུགས་ཆེ་བའི་རིགས་ལ་ལྕགས་ཐག་ཡུག་གཅིག་གིས་ཕར་རི་དང་ཚུར་རི་སྦྲེལ་ཡོད་པ། ཟམ་བུམ་དང་ཟམ་རྔུར་གྱི་དཀྱིལ་དུ་རྡོ་བུ་ག་ཅན་དེ་བཙུགས་ནས་གཡས་གཡོན་རྡོ་བརྩེགས་གིས་བཏགས་ནས་ལྗིད་ཚད་སྙོམས་ཐུབ་པ་བཟོ་གི་ཡོད་། ཟམ་བུམ་དང་ཟམ་རྔུར་གྱི་མདུན་དངོས་ཀྱི་ལྕགས་ཐག་འགེལ་སར་གདུང་མ་འཕྲེད་དུ་བཀལ་ཡོད་པ་དེ་ལ་མི་སེར་ཚོས་གཉའ་ཤིང་ཞེས་འབོད་སྲོལ་འདུག ལྕགས་ཐག་འཁྱོམ་ནས་བརྡར་ཟད་འགོག་བྱེད་དུ་གདུང་མས་སྔས་བྱས་ཡོད། གདུང་མ་བརྡར་ཟད་དུ་གྱུར་བའི་ཚེ་གསར་དུ་བརྗེ་ཆོག སོ་མའི་ཐག་པས་ལྕགས་ཐག་ཕན་ཚུན་སྦྲེལ་བའི་དྲ་མིག་གི་སྟེང་དུ་རྡོག་ཤིང་ཞེས་པའི་པང་ལེབ་གཏིང་ནས་ཅི་བདེར་འགྲོ་ཆོག་པ་ཡོད། ཟམ་པ་རིང་ཐུང་དང་འབྲེལ་བའི་ཟམ་ཞེང་ཡང་མི་འདྲ་ཞིང་། ལྕགས་ཐག་གཉིས་གཤིབ་དང་བཞི་གཤིབ་གྱི་ཁྱད་པར་དང་།འགྲུལ་བཞུད་མང་རིགས་ལ་ལྕགས་ཐག་སྦོམ་པ་བྱིས་པ་ལོ་བརྒྱད་ཀྱི་ལག་ངར་ཙམ་དང་། ཅུང་ཉུང་བའི་སར་ལྕགས་ཐག་ཕྲ་ཙམ་ཡོད། ལྕགས་ཀྱི་རྐང་བུའི་འགྲིག་ག་ཚགས་དམ་པ། ཚང་མ་ལུགས་རྒྱབ་པ་ལྟ་བུ་ཆེ་ཆུང་འདྲ་བ་མ་ཟད། ལྕགས་ཀྱི་རྒྱུ་ཆ་ཞུན་མ་དང་སྤུས་ཚད་སོགས་ལ་ཧ་ལས་དགོས་པ་ཞིག་ཡོད། ལོ་ངོ་བརྒྱ་ཕྲག་མང་པོའི་རིང་ལ་ཆར་རྒྱུན་དྲག་པོའི་འོག་ཏུ་གནས་ཀྱང་བཙའ་མི་རྒྱག་པ་དང་ལྕགས་ཀྱི་རང་མདོག་མ་ཉམས་པར་ཡོད་པ་སོགས་ཀྱི་ཁྱད་ཆོས་མང་པོ་མིག་ལམ་དུ་འདྲེན་རྒྱུ་ཡོད། དེ་ཡང་ལྕགས་ཐག་ལ་རྩ་མི་རྒྱག་པའི་རྒྱུ་རྐྱེན་རང་ཐོག་གི་ངོས་ནས་བརྗོད་ན་གཙོ་བོ་གསུམ་ཏེ། གཅིག་གནམ་གཤིས་ཀྱི་རྐྱེན། གཉིས་མི་ཡི་རྐྱེན།གསུམ་ལྕགས་ཀྱི་རྐྱེན་བཅས་གསུམ་དུ་ངེས། གནམ་གཤིས་ཀྱི་རྐྱེན་ནི་བོད་ལྗོངས་ས་མཐོ་ཁུལ་དུ་སྐམ་ཤས་ཆེ་བས་གནམ་ཤིས་ཀྱི་རྐྱེན་དང་སོག་རླུང་དཀོན་པས་ལྕགས་ལ་རྩ་རྒྱག་པའི་མྱུར་ཚད་དེ་ཙམ་གྱི་མགྱོགས་པོ་མེད། ཡང་མི་ཡི་རྐྱེན་ནི། ཐང་སྟོང་གི་ལྕགས་ཟམ་དེ་འགྲོ་བ་མི་ཡི་དོན་དུ་སྐྲུན་པས་མི་རྣམས་ཀྱི་ལྕགས་དེ་དག་ལ་སྣུམ་དང་བལ་སོགས་ཀྱི་བྱུགས་པ་དང་གཡོགས་པ་སོགས་དང་དོད་ཆེན་པོ་བྱས་ཡོད། གཞན་ཡང་ལྕགས་གི་ངོས་ནས་བརྗོད་ན། ལྕགས་དེ་དག་གི་ནང་དུ་ལྕགས་རིགས་ལུའོ་རྒྱུད་(铬元素)ཡོད་པས་ལྕགས་ལ་རྩ་མི་རྒྱག་པའི་རྒྱུ་རྐྱེན་གཙོ་བོ་རེད་། ལུའོ་རྒྱུ་དེ་ནི་བོད་ལྗོངས་ས་མཐོ་ཁོ་ན་ལས་མེད་པ་འདྲ།ཐང་སྟོང་རྒྱལ་པོའི་འཛུགས་སྐྲུན་གནང་བའི་ལྕགས་ཟམ་དེ་རྣམས་བཟོ་དབྱིབས་ཀྱི་ཐད་ནས་བཤད་ན་དཔྱང་ཟམ་ཡིན་པ་དང་། དེ་ཡང་རིང་ཚད་དང་ཞེང་ཚད་སྣ་ཚོགས་པ་ཞིག་ཡོད་པ་ལས་རིང་བའི་ཚད་ལ་སྤྱི་ཁྲི་བརྒྱ་ལྷག་ཙམ་དང་ཐུང་བའི་གྲས་ལ་སྤྱི་ཁྲི་ལྔ་བཅུ་ལྷག་ཙམ་ཡོད།ཞེང་ཚད་ལ་ལར་སྤྱི་ཁྲི་གཉིས་ཙམ་དང་། མང་ཆེ་བར་སྤྱི་ཁྲི་གང་དང་སྤྱི་སྐར་ལྔ་བཅུའི་ཚད་དུ་ཡོད། ཟམ་པ་རྒྱག་ཡུལ་གྱི་ས་བབས་དང་། གཙང་པོའི་ཞེང་ཚད། གཏིང་ཚད་སོགས་ལ་གཞིགས་ཏེ་མི་འདྲ་བའི་ཁྱད་པར་ཡོད།
རྣམ་གླིང་ས་ཁོངས་སུ་ཡོད་པའི་ཐང་རྒྱལ་ལྕགས་ཟམ།
བཞི་པ། ལྕགས་ཟམ་གྱིས་བོད་ཁུལ་ཀྱི་སྤྱི་ཚོགས་ལ་ཐེབས་པའི་ཕན་ཡོན་དང་རིན་ཐང་།
ལོ་རབས་ལྔ་བཅུ་པའི་དུས་སྐབས་ཙམ་ལ་བོད་ཁུལ་ལ་ལྕགས་ཟམ་བཟོ་སྐྲུན་གྱི་ལག་རྩལ་དར་ཁྱབ་ཆེན་པོ་བྱུང་བས་བོད་ལྗོངས་འགྲིམ་འགྲུལ་གྱི་ཐོག་ལ་ཕན་ནུས་བསམ་གྱི་མི་ཁྱབ་པ་བྱུང་ཡོད་པ་མ་ཟད། བོད་ཡོངས་ཀྱི་དཔལ་འབྱོར་དང་རིག་གནས་སོགས་གང་ཅིའི་ཐད་ཡར་རྒྱས་འགྲོ་བའི་ཆ་རྐྱེན་བཟང་པོ་བསྐྲུན་ཡོད། དེ་བཞིན་དུ་འགྲིམ་འགྲུལ་མི་བདེ་བའི་ལུང་ཁུག་འགའ་ཞིག་ལ་ད་ལྟ་ཡང་ལྕགས་ཟམ་དེ་ཚོའི་ཐོག་འགྲུལ་བཞུད་བྱེད་མུས་སུ་ཡོད། རང་ཉིད་ཀྱི་མིག་མཐོང་ལག་ཟིན་གྱི་ངམ་རིང་རིན་ཆེན་སྡིང་ལྕགས་ཟམ་དེ་ནི་ད་ལྟ་ཡང་འགྲུལ་བཞུད་ཀྱི་འགྲོ་ལམ་ཉག་གཅིག་ཡིན། དེ་ནས་རྣམ་གླིང་དང་མཐོང་སྨོན་སོགས་ཡུལ་གཞན་གྱི་ལྕགས་ཟམ་མང་དག་ཞིག་མིག་མཐོང་དུ་ཡོད་ཀྱང་ཅུང་ཉམས་ཞིག་ཏུ་གྱུར་ཟིན་འདུག རང་ཉིད་ཀྱིས་རྒན་རབས་པ་རྣམས་ལ་བཀའ་འདྲི་ཞུ་སྐབས་ཁོང་རྣམས་ཀྱིས་ལྕགས་ཟམ་ཞིག་རལ་དུ་གྱུར་ཡང་དེས་མི་རྣམས་ཕར་ཚུར་འགྲུལ་བཞུད་བྱེད་སྐབས་སྟབས་བདེ་གང་ལེགས་བསྐྲུན་ཐུབ་ཟེར། སྔར་སོང་ལོ་རབས་ནང་ཉམས་གསོ་དང་བདག་གཅེས་མེད་པར་ཉམས་ཞིག་ཏུ་གྱུར་པ་དེ་དག་མཐོང་དུས་མེས་པོས་བཞག་པའི་མཛད་པ་དེ་དག་རྐང་རྗེས་ལག་གསུབ་ཏུ་སོང་བ་མཐོང་དུས་སེམས་སྟོང་ལྷང་ལྷང་དུ་གྱུར།
འགྲིམ་འགྲུལ་དེ་བོད་ཀྱི་དམིགས་གསལ་གྱི་ས་ཁམས་དང་འབྲེལ་ནས་བརྗོད་ན། གཅིག་ནས་བོད་ཡུལ་འདིར་རི་ཀླུང་མང་ཞིང་དྲག་དུ་འཕྱུར་བའི་གཙང་ཆུ་མི་ཉུང་བ་ཞིག་མཆིས་པས་བོད་པ་རྣམས་སྡེ་པ་སྡེ་པར་བྱས་ནས་ཡོད་པས་འབྲེལ་འདྲིས་མི་བདེ་བ་དང་། གཉིས་ནས་བྲག་རི་མང་བའི་བོད་ཁུལ་ལ་ལམ་བསྐྲུན་སྟབས་བདེ་མེད་པ་མ་ཟད་ལྕགས་ཟམ་ནི་འགྲོ་གྲོན་ཉུང་ལ་བཟོ་བསྐྲུན་བྱེད་བདེ་བས། ལྕགས་ཟམ་དེ་ནི་མེད་དུ་མི་རུང་བའི་འཚོ་བའི་དགོས་མཁོ་ཞིག་དུ་འགྱུར། སྟབས་བདེ་བའི་ཚོང་ལམ་མེད་ན་དཔལ་འབྱོར་ལ་ཡར་རྒྱས་ཟེར་བ་གླེང་ཐབས་མེད། དེ་ཡང་ལོ་རབས་ལྔ་བཅུ་བའི་སྔ་རོལ་ཙམ་ལ་བོད་ཁུལ་གྱི་དཔལ་འབྱོར་ཆ་རྐྱེན་ཡག་པོ་མེད་པས། གྲུབ་ཐོབ་ལྕགས་ཟམ་པའི་འཚོ་བ་དངོས་ལ་གཉེན་དཔོན་གྱིས་ཉམས་ཆུང་འགྲུལ་པའི་འགྲམ་ནས་དངུལ་རང་འདོད་ལྟར་ལེན་པའི་ཚུལ་ངན་དེ་འདྲའི་བྱ་སྤྱོད་ངན་པ་མང་དག་ཅིག་བོད་མི་རིགས་ཀྱི་འཚོ་བའི་ཁྲོད་མཐོང་རྒྱུ་མང་། དེ་བས་སྟབས་བདེའི་འགྲོ་ལམ་མེད་པའི་དབང་གིས་ཕར་འགྲོ་ཚུར་འོངས་གི་འགྲུལ་པ་མང་པོ་ཞིག་གི་སྲོག་ཀྱང་ཤོར་བའི་གནས་ཚུལ་མང་པོ་ཞིག་བྱུང་ཤུལ་འདུག དེ་ལྟར་ལྟབས་བདེའི་ལམ་མེད་རྐྱེན་ཚེ་སྲོག་སོགས་ཀྱི་ཐད་ལ་མི་ལེགས་པའི་རྐྱེན་མང་པོ་ཞིག་བྱུང་རྒྱུ་ནི་བོད་པ་ཚང་གི་འགྲུལ་པའི་འཚོ་བའི་རྒྱུན་གཏན་ཞིག་ཡིན་པས་ལྕགས་ཟམ་དེས་བོད་ཀྱི་མི་མང་གི་འཚོ་བར་སྟབས་བདེའི་ཆ་རྐྱེན་གང་ལེགས་བསྐྲུན་ནས་དཔལ་འབྱོར་ཡར་རྒྱས་ཆེན་པོ་བྱུང་བ་དེ་མང་ཚོགས་ཀྱི་འཚོ་བ་ལས་གསལ་པོར་མཐོང་ཐུབ།
མདོར་ན། དེ་ལྟའི་མི་རིགས་རང་ཉིད་ཀྱི་ཁྱད་ཆོས་ལྡན་པའི་ལྕགས་ཟམ་བཟོ་བསྐྲུན་བྱས་པའི་ཤུགས་རྐྱེན་འོག་ལ་བོད་ཡུལ་གྱི་ལུང་སྐད་དང་ཡུལ་སྐད་ཇི་སྙེད་གཅིག་བྱུང་ཡོད་ལ། རོང་འབྲོག་དབར་གྱི་འཚོ་བའི་གོམས་སྲོལ་དང་དཔལ་འབྱོར་རིག་གནས་སོགས་ལ་འབྲེལ་མཐུད་ཟབ་པོ་བསྐྲུན་ནས་རོང་འབྲོག་དབར་གྱི་འཚོ་བའི་གོམས་སྲོལ་བརྗེ་རེས་དང་རིག་གནས་སྤེལ་རེས་བྱས་ནས་འཚོ་བའི་ཆ་རྐྱེན་ཕུན་སུམ་ཇེ་ལེགས་སུ་ཕྱིན་པ་མ་ཟད་དཔལ་འབྱོར་ཐད་ལ་ཡང་འཕེལ་རྒྱས་ཆེན་པོ་བྱུང་ཡོད།
མཇུག་བསྡུའི་གཏམ།
མི་ཚེ་གང་པོར་མི་རིགས་ཀྱི་བདེ་སྐྱིད་ཆེད་ལེགས་སྐྱེས་ཕུལ་མཁན་གྱི་ལྕགས་ཟམ་པ་ཐང་སྟོང་རྒྱལ་པོས་ རང་ཉིད་ཀྱི་ཁྲག་དང་རྔུལ་ཆུས་བོད་ཀྱི་འགྲིམ་འགྲུལ་དང་ལྷ་མོ་གསར་གཏོད་ཇུས་བཀོད་གནང་བས། མང་ཚོགས་ཀྱི་སེམས་ནང་ཁོང་ནི་ཨར་བསྐྲུན་དང་ཇུས་བཀོད་ཆེན་མོ་བ་ཆེས་རླབས་ཆེན་ཀྱི་མི་སྣ་ཞིག་དང་ཁོང་ནི་མི་དམངས་མང་ཚོགས་ཀྱི་སེམས་ཁོངས་ཀྱི་བླ་མ་དཔའ་བོ་ཞིག་ཡིན་པ་མ་ཟད་ཁོང་ལ་མི་རྣམས་ཀྱི་རྣམ་པ་འདྲ་མིན་སྣ་ཚོགས་སྤྱད་ནས་བསྟོད་བསྔགས་དང་དྲན་གསོ་ཞུ་གི་ཡོད། ད་ལྟ་ཡང་ལྷ་མོ་འཁྲབ་སྟོན་བྱེད་སྐབས་དང་ཐོག་མར་ཐང་སྟོང་གི་སྐུ་བརྙན་ལ་ཁ་བཏགས་འབུལ་བ་དེ་ནི་ཁོང་ལ་ཐུགས་རྗེ་ཆེ་བཞུ་ཆེད་དུ་ཡིན། ད་དུང་དེ་བས་ཀྱང་ཐང་སྟོང་རང་ཉིད་ཀྱི་ཕ་ཡུལ་དུ་ཡང་ལོ་ལྟར་ཐང་སྟོང་དྲན་གསོ་བྱེད་སྐབས་སྲོལ་རྒྱུན་སྲུང་ནས་འཁྲབ་སྟོན་ལ་ཡོང་སྐབས་ཚང་མས་སྣུམ་དང་བལ་སོགས་འཁྱེར་ནས་ཟློས་གར་ཚོགས་པར་སྟོན་ནས་དེ་དག་ལྕགས་ཐག་ཐོག་ཐུག་པ་དང་བྱུག་པ་སོགས་ཀྱི་སྒོ་ནས་ལྕགས་ཐག་དེ་དག་དོ་དམ་ཡག་པོ་བྱས་ནས་བཙའ་མི་རྒྱག་པ་བྱེད་དགོས་པའི་སྐུལ་མ་སོགས་ཀྱི་ཆོས་ལུགས་ཆོ་ག་སྤེལ་གྱི་ཡོད།