འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། གྲོང་ཁྱེར་སློབ་གསོ་ཅུས་ཀྱིས་གཙོ་གཉེར་བྱས་པ་དང་། གྲོང་ཁྱེར་ཇ་རྟའི་རིག་གནས་ཡུལ་སྐོར་འཕེལ་རྒྱས་ཚོགས་པ་ཚད་ཡོད་ཀུང་སིས་གཉེར་འགན་འཁུར་བའི་ཆབ་མདོ་གྲོང་ཁྱེར་གྱི་སློབ་འབྲིང་སློབ་མའི་མཆོང་རྒྱུག་འཕེན་གསུམ་གྱི་ལུས་རྩལ་འགྲན་ཚོགས་སྐབས་བཅུ་གཉིས་པ་དེ་ཟླ་10ཚེས་29ཉིན་གྱི་སྔ་དྲོར་གྲོང་ཁྱེར་གྱི་ལུས་རྩལ་ཐང་དུ་གཟབ་རྒྱས་ངང་འགོ་ཚུགས་པ་རེད། སྐབས་འདིའི་ལུས་རྩལ་འགྲན་ཚོགས་ཀྱིས“ལང་ཚོ་གཟི་འོད་འཚེར། རང་ཉིད་ཡར་རྒྱས་གཏོང”ཞེས་པ་བརྗོད་དོན་གཙོ་བོར་བྱས་པའི་གྲོང་ཁྱེར་ཡོངས་ཀྱི་སློབ་འབྲིང་ཁག་ནས་ཡོང་བའི་ལུས་རྩལ་པ་བརྒྱ་ཕྲག་ཁ་ཤས་ཞུགས་རྒྱུའི་ཡིད་དབང་བཀུག་ཡོད།
《ལུས་རྩལ་པའི་མདུན་སྐྱོད་རོལ་དབྱངས》ཀྱི་ངར་ཤུགས་དང་བསྟུན་ནས། དར་ཆ་སྒྲེང་མཁན་ཚོས་རྒྱལ་དར་དང་། ཚོགས་དར། ཚོན་དར་བཅས་གཡུག་གཡུག་བྱས་ཏེ། སྙིང་སྟོབས་ཀྱིས་ཁེངས་བཞིན་ཚོགས་རར་འཛུལ་བ་རེད། དེ་རྗེས་ཤན་འབྱེད་པའི་དཔུང་ཁག་དང་། ལུས་རྩལ་པའི་རུ་ཁག་28 འཁྲབ་སྟོན་རུ་ཁག་བཅས་ཀྱིས་གོམ་སྟབས་བརྟན་པོ་སྤོས་ནས་འབོད་ཚིག་སྒྲོག་བཞིན་དུ་རེ་རེ་བཞིན་ཀྲུའུ་ཞི་སྡིངས་ཆའི་མདུན་ནས་བསྐྱོད་པ་རེད། འགོ་ཚུགས་མཛད་སྒོའི་ཐོག་ལུས་རྩལ་པའི་འཐུས་མི་དང་ཤན་འབྱེད་པའི་འཐུས་མི་སོ་སོས་དམ་བཅའ་བཞག་པ་རེད། 《ཉི་འོད་གཞོན་ནུ》དང《སྟག་ཕུའི་ཨར་གཞས་》སོགས་སློབ་མས་འཁྲབ་སྟོན་བྱས་པ་ལས་སློབ་མ་ཚོའི་ལང་ཚོའི་གསོན་ཤུགས་མངོན་ཡོད།
རྟེན་འབྲེལ་གྱི་ཤོག་སྦག་སྤར་བའི་སྒྲ་གྲགས་པ་དང་། དུ་བ་ཚོན་ཁྲ་ཅན་མཁའ་ལ་འཕྱུར་བ། དགའ་སྤྲོའི་རྣམ་པས་ཁེངས་པའི་ལུས་རྩལ་ར་བའི་ནང་འགྲན་བསྡུར་ཁག་དེ་འཕྲལ་དངོས་སུ་སྤེལ་འགོ་ཚུགས་པ་རེད། ལུས་རྩལ་པ་ཚོས་བྲེལ་འཚུབ་ངང་འགྲན་བསྡུར་གོང་གི་ཞོར་སྦྱོང་ལུས་སྦྱོང་བྱེད་པ་དང་ཁོང་ཚོས་འགྲན་རར་རྔུལ་ཆུ་བཏོན་ཏེ་ནུས་ཤུགས་ཡོད་རྒུས་འབད་འཐབ་བྱེད་ཀྱི་ཡོད། ལྟད་མོ་ལྟ་མཁན་ཚོའི་བཞུགས་གྲལ་ལའང་སྤྲོ་སེམས་རབ་ཏུ་འཕེལ་བ་དང་འབོད་སྐུལ་བྱེད་པའི་སྐད་སྒྲ་ཡང་ཡང་གྲགས་ནས་ལུས་རྩལ་པ་ཚོའི་ངར་ཤུགས་ཆེས་ཆེར་འཕེལ་བར་བྱས་ཡོད།
གྲོང་ཁྱེར་མཐོ་རིམ་སློབ་འབྲིང་ལྔ་པའི་ལུས་རྩལ་པ་དགེ་གྲགས་སྨོན་ལམ་གྱིས་ཆབ་མདོ་གྲོང་ཁྱེར་སློབ་གསོ་ཅུད་ཀྱིས་སློབ་འབྲིང་སློབ་མར་མཐུན་རྐྱེན་ཡག་པོ་འདི་འདྲ་ཞིག་བསྐྲུན་ནས། ང་ཚོའི་སློབ་འབྲིང་སློབ་མར་རང་ཉིད་ཀྱི་འཇོན་ཐང་ངོམ་དུ་བཅུག་པར་ཐུགས་རྗེ་ཆེ་ཞུ་བ་ཡིན། ད་རེས་རང་ཉིད་ཆབ་མདོ་གྲོང་ཁྱེར་མཐོ་རིམ་སློབ་འབྲིང་ལྔ་པའི་ལུས་རྩལ་པའི་འཐུས་མིའི་ཚབ་བྱས་ནས་ད་རེས་ཀྱི་བྱེད་སྒོའི་ནང་ཞུགས་ཐུབ་པར་ཧ་ཅང་དགའ་པོ་བྱུང་། ད་རེས་འགྲན་ཚོགས་སུ་ང་རང་ཉིད་རིམ་གསུམ་རྒྱང་མཆོང་དང་ཞ་ཉེའི་སྤོ་ལོ་འཕེན་པའི་རྣམ་གྲངས་གཉིས་ནང་ཞུགས་ཡོད། ངས་གྲུབ་འབྲས་ཡག་པོ་ལོན་པའི་སྨོན་འདུན་ཞུ་བ་ཡིན་ཞེས་བཤད།
ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་ལུས་རྩལ་འགྲན་ཚོགས་དུས་ཡུན་ཉིན་4ཡི་འགྲན་བསྡུར་ནང་ལུས་རྩལ་པ་རྣམས་མཐོ་འབྲིང་ཚོགས་ཆུང་དང་། དམའ་འབྲིང་ཚོགས་ཆུང་གཉིས་ལ་དབྱེ་ནས་སྨི་100དང་། སྨི་1500སྨི་4སྒྱུར་400ཡི་མཐུད་རྒྱུག མཐོ་མཆོང་། རྒྱང་མཆོང་། རིམ་གསུམ་རྒྱང་མཆོང་། ཞ་ཉེའི་སྤོ་ལོ་སོགས་རྣམ་གྲངས་ཆེ་གྲས་12འགྲན་བསྡུར་བྱ་རྒྱུ་ཡིན་པ་རེད།
གྲོང་ཁྱེར་སློབ་གསོ་ཅུད་ཏང་ཙུའི་ཧྲུའུ་ཅི་གཞོན་པ་ཅུད་ཀྲང་ཀྲོའུ་ཁའེ་ཡིས་ད་ཐེངས་ཀྱི་ལུས་རྩལ་འགྲན་ཚོགས་གཉེར་བའི་དམིགས་ཡུལ་ནི་ཀུན་སྤྱོད་ལ་བརྟེན་ནས་མི་སྣ་གསོ་སྐྱོང་བྱེད་པའི་རྩ་བའི་ལས་འགན་དང་བདེ་ཐང་ཨང་དང་པོར་འཇོག་པའི་སློབ་གསོའི་འདུ་ཤེས་བློ་བརྟན་འགྱུར་མེད་ངང་ལག་ལེན་བསྟར་ཏེ། ལུས་རྩལ་སྦྱོང་བརྡར་བྱ་རྒྱུ་དེ་གཞོན་ནུ་ལོ་ཆུང་གི་ལུས་སེམས་བདེ་ཐང་ལ་སྐུལ་འདེད་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་ཏུ་བརྩིས་ནས། ཆབ་མདོ་གྲོང་ཁྱེར་གྱི་སློབ་འབྲིང་སློབ་མའི་ཡར་རྒྱས་དང་བདེ་ཐང་གི་གསོན་ཤུགས་གང་ལེགས་མངོན་པ་བྱས་ཏེ་ཀུན་སྤྱོད་དང་། ཤེས་རིག ལུས་རྩལ། མཛེས་དཔྱོད། ངལ་རྩོལ་བཅས་ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་བའི་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་པ་དང་རྒྱུན་འཛིན་པ་གསོ་སྐྱོང་གང་དྲག་བྱ་རྒྱུ་དེ་ཡིན་ཞེས་བཤད།