འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ10ཚེས25ཉིན་གྱི་སྔ་དྲོ། གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། ཧྲི་ཀྲང་ལའོ་ཆིན་འུའུ་ཡིས་གྲོང་ཁྱེར་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་ནས་དུས་ཚིགས་དང་པོ་ནས་གསུམ་པའི་བར་གྱི་དཔལ་འབྱོར་འཁོར་སྐྱོད་གནས་ཚུལ་ལ་ཞིབ་འཇུག་གནང་བ་རེད།གྲོང་ཁྱེར་གྱི་འགོ་ཁྲིད་ཀྲང་ཅན་ཧྭ་དང་ལུའེ་གོ་ཅན། བློ་བཟང་ཡི་ཤེས། ཝུའུ་ཅན། ཤེའི་ཝུན་ཀོང་། ཐོགས་མེད་ཤེས་རབ་བཅས་ཚོགས་འདུར་ཞུགས་པ།
ལའོ་ཆིན་འུའུ་ཡིས་དུས་ཚིགས་དང་པོ་ནས་གསུམ་པའི་བར་གྲོང་ཁྱེར་ཡོངས་ཀྱི་གོང་འོག་ཚང་མས་དཔལ་འབྱོར་ལས་དོན་སྐོར་གྱི་ཀྲུང་དབྱང་དང་། རང་སྐྱོང་ལྗོངས་ཏང་ཨུད། གྲོང་ཨུད་བཅས་ཀྱི་བཀོད་སྒྲིག་གལ་ཆེན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས“དོན་ཆེན་བཞིའི”དམིགས་པ་དང་“གསར་གཏོད་བཞི”ཤུགས་སྣོན་རྒྱབ་པ། ཐབས་བརྒྱ་ཇུས་སྟོང་ངང་དོན་འཁྱོལ་ལ་དམ་འཛིན་དང་འགག་སྒྲོལ་དཀའ་སེལ་བྱེད་ཕོད་པ་དང་། སྔོན་ལ་བརྩོན་ལེན་བྱེད་པ། བརྟན་པོའི་ངང་འཕར་བ་དང་། གྲུབ་ཆ་ལེགས་སྒྲིག སྒྱུར་བཅོས་ལ་སྐུལ་འདེད། དམངས་འཚོར་ཕན་འདོགས་པ། ཉེན་ཁ་སྔོན་འགོག བརྟན་ལྷིང་འགན་ལེན་བཅས་ཀྱི་ལས་དོན་ཁག་ལ་དམ་པོར་དམིགས་ཏེ། དཔལ་འབྱོར་སྐྱོན་བྲལ་དང་མགྱོགས་མྱུར་ངང་འཕེལ་རྒྱས་འགྲོ་བའི་རྣམ་པ་བཟང་པོ་རྒྱུན་མཐུད་རྒྱུན་འཁྱོངས་བྱས་ཡོད།
གྲོང་ཁྱེར་ཡོངས་ཀྱི་ས་ཁུལ་གྱི་ཐོན་སྐྱེད་སྤྱིའི་རིན་ཐང་སྒོར་དུང་ཕྱུར་238.43ལེགས་གྲུབ་བྱུང་བ་དང་7.1%འཕར་ཡོད་པས་ལྗོངས་ཡོངས་ནས་འཕར་ཚད་ཨང་དང་པོ་བྱུང་ཡོད། གྲོང་ཁྱེར་ཡོངས་ཀྱི་གོང་འོག་ཚང་མས་རྒྱུན་འཁྱོངས་ལྷོད་མེད་དང་། ཡང་འབད་བསྐྱར་འབད་བྱས་ཏེ་དཔལ་འབྱོར་རྒྱུན་མཐུད་ངང་བཟང་ཕྱོགས་སུ་འཕེལ་བའི་འཕེལ་ཕྱོགས་སྲ་བརྟན་གཏོང་དགོས་ཤིང་། དཔལ་འབྱོར་འཕར་སྣོན་བརྟན་པོ་ཡོང་བའི་སྲིད་ཇུས་རབ་དང་རིམ་པ་དོན་ཐོག་ཏུ་འཁྱོལ་བར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་སྟེ། ཚོང་གཉེར་ཁོར་ཡུག་ལ་མུ་མཐུད་ལེགས་བཅོས་དང་། ཐབས་བརྒྱ་ཇུས་སྟོང་གིས་མང་ཚོགས་ལ་གླ་ཕོགས་རང་བཞིན་གྱི་ཡོང་འབབ་འཕར་སྣོན་གཏོང་དགོས། ཁྱད་ཆོས་ལྡན་པའི་རིག་གནས་ཡུལ་སྐོར་གྲོང་རྡལ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་དགོས་པ་དང་། སྔ་སྣུར་ནས་རྫས་ལུད་དང་། སོན་བཟང་། ཞིང་སྨན་སོགས་ཞིང་སྤྱོད་དངོས་རྫས་བཀོད་སྒྲིག་བྱས་ཏེ། སང་ལོའི་དཔྱིད་རྨོད་དཔྱིད་འདེབས་ལ་རྨང་གཞི་བརྟན་པོ་འདིང་དགོས་ཤིང་། འཛད་སྤྱོད་ཆེད་དོན་བྱ་སྤྱོད་མུ་མཐུད་ལག་བསྟར་དང་འཛད་སྤྱོད་སྲིད་ཇུས་དུས་ཐོག་ཏུ་ལེགས་སྒྲིག་དང་འཐུས་ཚང་དུ་གཏོང་བར་སྐུལ་འདེད་གཏོང་དགོས་ཞེས་བསྟན་ཡོད།
ལའོ་ཆིན་འུའུ་ཡིས་ས་ཞིང་མཁོ་སྤྲོད་ལས་དོན་ནི་ས་ཞིང་ཐོན་ཁུངས་གསོག་ཐེབས་བྱེད་པའི་འགག་རྩའི་བྱེད་ཐབས་ཤིག་ཡིན་པས། འབྲེལ་ཡོད་སྡེ་ཚན་ཁག་གིས་ས་ཞིང་གྲབས་གསོག་ནང་བཤུག་ལ་སྤྱི་འདོམས་དོ་དམ་ཡག་པོ་བྱས་ཏེ་ས་ཞིང་བེད་སྤྱོད་ཀྱི་ཕན་འབྲས་དང་རིན་ཐང་མཐོ་རུ་གཏོང་བ་དང་ལེགས་བསྡུས་ཞིབ་གཉེར་ངང་ས་ཆ་བེད་སྤྱོད་བྱེད་དགོས། ལས་དོན་སྒྲུབ་པའི་བརྒྱུད་རིམ་སྔར་བས་སྟབས་བདེ་རུ་གཏོང་ནས་མཁོ་སྤྲོད་བྱས་པའི་ས་ཆའི་བདག་དབང་སྒྲུབ་གཉེར་དང་། འཆར་འགོད་ཆོག་འཐུས་དང་ཞིབ་བཤེར་རྩིས་ལེན་སོགས་ཀྱི་ཞབས་ཞུའི་ལས་དོན་ཡག་པོ་བསྒྲུབ་ནས་ས་ཞིང་ནང་བཤུག་གཏོང་བའི་གོ་རིམ་ཚད་ལྡན་ནན་པོ་དང་ཁྲིམས་མཐུན་ལུགས་མཐུན་ཡོང་བའི་འགན་ལེན་བྱེད་དགོས་ཞེས་བསྟན་ཡོད།
ལའོ་ཆིན་འུའུ་ཡིས་རྩིས་བཤེར་དག་ཐེར་ཡོ་བསྲང་བྱ་རྒྱུ་ནི་སྲིད་གཞུང་གིས་ཁྲིམས་ལྟར་འགན་འཁྲི་སྒྲུབ་པ་དང་། ནོར་འཛོལ་ཡོ་བསྲང་། ལས་ཀའི་ཆུ་ཚད་མཐོ་རུ་གཏོང་བ། རང་ངོས་ལེགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་ཀྱི་གོ་སྐབས་གལ་ཆེན་ཞིག་དང་ཆབ་སྲིད་ཀྱི་ལས་འགན་ཧ་ཅང་ནན་པོ་ཞིག་ཡིན་པས། དག་ཐེར་ཡོ་བསྲང་གི་འགན་འཁྲི་འཁུར་མཁན་སྡེ་ཚན་ཁག་གིས་རང་རྟོགས་ངང་བསམ་བློ་དང་བྱ་སྤྱོད་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིན་གྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཡོང་བ་བྱེད་པ་དང་། ལྗོངས་ཏང་ཨུད་དང་གྲོང་ཁྱེར་ཨུ་ལྷན་གྱི་ལས་ཀའི་བླང་བྱའི་ཐོག་གཅིག་གྱུར་ཡོང་བ་བྱེད་པ། རྩིས་བཤེར་གནད་དོན་དག་ཐེར་བཅོས་སྐྱོང་ནན་ཏན་བྱེད་པ། དག་ཐེར་ཡོ་བསྲང་གི་བྱེད་པོའི་འགན་འཁྲི་དང་། ལྟ་སྐུལ་དོ་དམ་གྱི་འགན་འཁྲི།“འགན་འཁྲི་འཁུར་མཁན་ཨང་དང་པོའི་”འགན་འཁྲི་བཅས་དོན་འཁྱོལ་གང་ལེགས་བྱས་ཏེ་དག་ཐེར་ཡོ་བསྲང་གནད་ལ་འཁེལ་བ་བྱེད་དགོས་ཞེས་ནན་གསུང་གནང་ཡོད།

