国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2024年10月29日

ལའོ་ཆིན་འུའུ་ཡིས་གྲོང་ཁྱེར་སྲིད་གཞུང་གི་ཏང་ཙུའུ་(རྒྱ་ཆེ་)ཡི་ཚོགས་འདུ་གཙོ་སྐྱོང་གནང་བ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ་10ཚེས་25ཉིན་གྱི་སྔ་དྲོ། གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། ཧྲི་ཀྲང་ལའོ་ཆིན་འུའུ་ཡིས་གྲོང་ཁྱེར་སྲིད་གཞུང་གི་ཏང་ཙུའུ་(རྒྱ་ཆེ་)ཡི་ཚོགས་འདུ་གཙོ་སྐྱོང་གནང་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་དུས་ཀྱི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་རེད།

གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། རྒྱུན་ལས་ཧྲི་ཀྲང་གཞོན་པ་ཀྲང་ཅན་ཧྭ་དང་ལུའི་གོ་ཅན་ཧྲི་ཀྲང་གཞོན་པ་ཝུའུ་ཅན་དང་། ཤེ་ཝུན་ཀོང་། ཐོགས་མེད་ཤེས་རབ་བཅས་ཚོགས་འདུར་ཕེབས་ཡོད་པ་རེད།

ལའོ་ཆིན་འུའུ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་ནི་གཟིགས་རྒྱང་རིང་བ་དང་གནད་ལ་འཕིགས་ལ་གཏིང་ཟབ་པ་ཞིག་ཡིན་པས། ང་ཚོས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཕྱོགས་ཡོངས་ནས་ལག་བསྟར་གནད་ལ་འཕིགས་པོ་བྱེད་པ་དང་། སྒྱུར་བཅོས་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་གཏོང་བ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་བཅས་བྱ་རྒྱུར་མཛུབ་ཁྲིད་ཀྱི་དོན་སྙིང་གལ་ཆེན་ལྡན་ཡོད་པས་གྲོང་ཁྱེར་སྲིད་གཞུང་གི་རིམ་ཁག་སྡེ་ཚན་གྱིས་དགོངས་དོན་ལ་གོ་བ་གཏིང་ཟབ་ལེན་པ་དང་ཆབ་མདོའི་དོན་དངོས་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ་བློ་བརྟན་འགྱུར་མེད་དང་བློ་ཐག་ཆོད་པོས་ལག་བསྟར་དོན་འཁྱོལ་ལ་དམ་འཛིན་ཡག་པོ་བྱེད་དགོས་ཞེས་བསྟན་གནང་བ་རེད།

ལའོ་ཆིན་འུའུ་ཡིས་སྒྱུར་བཅོས་སྒོ་དབྱེ་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བ་དང་། འཕེལ་རྒྱས་ཀྱི་སྒུལ་ཤུགས་མུ་མཐུད་ཆེ་རུ་གཏོང་བ། གཞུང་ཁོངས་རྒྱུ་ནོར་དང་གཞུང་ཁོངས་ཁེ་ལས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ། སྲིད་གཞུང་གི་འགན་ནུས་བསྒྱུར་རྒྱུར་སྐུལ་འདེད་གཏོང་བ། “ས་ཁོངས་བརྒལ་ནས་ཚང་མ་གཉེར་བའི་”ཚོད་ལྟའི་ལས་དོན་ལ་སྐུལ་འདེད་ཧུར་ཐག་གཏོང་བ།སྤྱི་ཚོགས་འགན་སྲུང་དང་སྨན་བཅོས་འགན་བཅོལ་སོགས་ལས་སྒོ་གཉེར་སྒྲུབ་ཞབས་ཞུའི་བརྒྱུད་རིམ་ལེགས་སུ་གཏོང་བ་བཅས་བྱེད་དགོས། མང་ཚོགས་ཀྱི་དགོས་མཁོ་དང་རེ་སྒུག་ལ་དམིགས་པ་དང་། མི་དམངས་ཀྱི་བདེ་སྐྱིད་ཆེ་རུ་ཏན་ཏིག་གཏོང་བ། “རྒན་རྒོན་དང་བྱིས་པའི་”གཙོ་གནད་ལས་དོན་ལ་དམ་པོར་དམིགས་པ། སློབ་གསོའི་“འགན་ལེན་གསུམ་”གྱི་འདུ་འགོད་ལམ་སྲོལ་ཅན་དང་ཚད་ལྡན་ཅན་དུ་འགྱུར་རྒྱུར་སྐུལ་འདེད་གཏོང་བ། གཞུང་བཙུགས་སྨན་ཁང་སྒྱུར་བཅོས་ལག་བསྟར་གཏིང་ཟབ་བྱེད་པ། སྨན་ཁང་མདུན་གྱི་མྱུར་སྐྱོབ་བཀོད་འདོམས་བཀོད་གཏོང་མ་ལག་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། རིག་གནས་དང་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། སྤུས་ཚད་མཐོ་བའི་རིག་གནས་དང་ཡུལ་སྐོར་ཐོན་ལས་གཏོད་པ། རྒྱལ་ལམ་ལམ་རྒྱུད་ཀྱི་རིག་གནས་དང་ཡུལ་སྐོར་མཛེས་ལྗོངས་ཁུལ་གཏོད་པ་དང་རྣམ་པ་སྒྱུར་བཀོད་ཧུར་ཐག་བཅས་བྱས་ནས་ཡུལ་སྐོར་བ་དེ་བས་མང་བའི་ཡིད་དབང་འགུག་དགོས། གྲངས་གཞི་ཆེན་པོའི་བཀོལ་སྤྱོད་འདེགས་སྐྱོར་དུ་བྱེད་པའི་རིག་ལྡན་ཡུལ་སྐོར་གྱི་ལས་དོན་ཡག་པོ་བསྒྲུབས་ནས་ཞབས་ཞུ་འགན་ལེན་གྱི་ལས་དོན་ཁྱོན་ཡོངས་ནས་ཡག་པོ་སྒྲུབ་དགོས། “ལོ་ངོ་སྟོང་གི་ཁ་རུབ་དང་། གསར་བརྗེའི་ཆབ་མདོ། བརྩེ་བས་ཕྱུག་པའི་ཆུ་བོ་གསུམ་”བཅས་གཙོ་རྐང་དུ་བྱས་ཏེ་རིག་རྩལ་ཐོན་རྫས་རྩེ་གྲ་བཏོད་ནས་ཐོན་ལས་སྤུས་རྟགས་ཤིག་ཆགས་པ་བྱེད་དགོས། ཚན་རྩལ་གསར་གཏོད་ཀྱི་སྣེ་ཁྲིད་མཐའ་འཁྱོངས་བྱས་ཏེ་ཐོན་ལས་ཀྱི་སྤུས་ཚད་མཐོར་གཏོང་དང་ཕན་འབྲས་ཆེ་རུ་འགྲོ་རྒྱུར་སྐུལ་འདེད་གཏོང་བ་དང་། ཞིང་འབྲོག་ཐོན་རྫས་ལས་སྣོན་ཞིབ་ཚགས་བྱེད་རྒྱ་ཆེ་རུ་གཏོང་བ། ཞིང་ལས་ཐོན་རྫས་ཐོན་ལས་ཀྱི་སྤུས་ཚད་ཅན་གྱི་ཐུམ་སྒྲིལ་ལ་སྐུལ་འདེད་གཏོང་བ། ཞིང་ལས་ཐོན་རྫས་ཁྲོམ་རར་ཞུགས་འཐུས་ཆེ་རུ་གཏོང་བ། སྤུས་རྟགས་སྐྱེད་སྲིང་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱེད་དགོས། སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། རྒྱལ་ཁབ་ཀྱི་ས་ཆ་སྔོ་འགྱུར་ཚན་རིག་དང་མཐུན་པའི་ངང་བྱེད་པ། ནགས་དཔོན་ལམ་ལུགས་ཁྱོན་ཡོངས་ནས་དོན་འཁྱོལ་བྱེད་པ། “གཙང་པོ་གཅིག་དང་ཆུ་བོ་གཉིས་”ཀྱི་ཤར་ནུབ་ངོགས་ཀྱི་མུའུ་ཁྲི་བཅུ་ཡི་སྔོ་འགྱུར་ལས་གྲྭ་དོན་འཁྱོལ་དང་འཛུགས་སྐྲུན་ལ་སྐུལ་འདེད་ཧུར་ཐག་གཏོང་བ་བཅས་བྱེད་དགོས། བྱ་ཐབས་སྣ་མང་སྤྱད་དེ་གད་སྙིགས་ས་འོག་སྦས་པ་དང་མེར་སྲེག་པ་སོགས་ཀྱི་མཐའ་སྣེའི་གནད་དོན་ཐག་གཅོད་བྱེད་དགོས་ཞེས་ནན་གསུང་གནང་བ་རེད།

ལའོ་ཆིན་འུའུ་ཡིས་འདི་ལོ་རང་གྲོང་ཁྱེར་གྱི་འབྲུ་རིགས་ཐོན་སྐྱེད་ལ་སླར་ཡང་ལོ་ལེགས་བྱུང་ནས་འབྲུ་རིགས་འདེབས་ཁྱོན་མུའུ་ཁྲི་77.23ལེགས་གྲུབ་བྱུང་བ་དང་སྔོན་དཔག་བྱས་ན་ལོ་ཧྲིལ་པོར་འབྲུ་རིགས་ཐོན་ཚད་བསྡོམས་འབོར་ཏུན་ཁྲི་22.4ཟིན་རྒྱུ་རེད། “ཞིང་བརྟེན་འབྲུ་གསོག་དང་རྩལ་བརྟེན་འབྲུ་གསོག་”དེ་དངོས་འབྲེལ་དོན་ཐོག་ཏུ་འཁྱོལ་བ་བྱས་ནས་རྨོ་ཞིང་སྲུང་སྐྱོང་ལ་ཤུགས་སྣོན་ཏན་ཏིག་རྒྱག་པ་དང་ཚད་གཞི་མཐོ་བའི་ཞིང་ཁ་འཛུགས་སྐྲུན་ལ་མགྱོགས་མྱུར་སྐུལ་འདེད་གཏོང་དགོས། འབྲུ་རིགས་ཉོ་ཚོང་དང་གྲབས་གསོག་ཁྱབ་ཁོངས་ཀྱི་སྒྱུར་བཅོས་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ་དང་། འབྲུ་རིགས་གྲབས་གསོག་དོ་དམ་ལམ་སྲོལ་འཐུས་ཚང་དུ་གཏོང་བ། གྲུབ་ཆ་ལེགས་སྒྲིག་དང་མཛོད་ཉར་སྒྲིག་བཀོད་རིམ་སྤོར། གཉེར་སྐྱོང་དོ་དམ་ཚད་ལྡན་བཅས་ཡོང་བ་བྱས་ནས་འབྲུ་རིགས་གྲབས་གསོག་གི་གྲངས་འབོར་བདེན་པ་དང་། གྲུབ་ཆ་ལུགས་མཐུན། སྤུས་ཚད་ཚད་ལོན་བཅས་ཡོང་བའི་འགན་ལེན་བྱེད་དགོས། “ཁྲི་སྟོང་ལས་གྲྭའི་”ཉམས་མྱོང་སློབ་སྦྱོང་དང་བེད་སྤྱོད་གང་ལེགས་བྱས་ནས་དེང་རབས་ཅན་གྱི་ཞིང་ལས་འཕེལ་རྒྱས་ཤུགས་ཆེན་གཏོང་བ་དང་། གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་རྒྱུན་ཆད་མེད་པར་འཐུས་ཚང་དུ་གཏོང་བ། གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། སྤེལ་རེས་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་“ཚན་ཞིབ་དང་རྟེན་གཞི་ཟུང་དུ་འབྲེལ་བ་”དང“སློབ་གྲྭ་དང་རྟེན་གཞི་ཟུང་དུ་འབྲེལ་བའི་”རྣམ་པ་འཚོལ་ཞིབ་བྱས་ཏེ་ཐོན་སློབ་ཞིབ་སྤྱོད་བཞིའི་འཐབ་ཇུས་མཉམ་ལས་ལ་སྐུལ་འདེད་གཏོང་དགོས་ཞེས་བསྟན་གནང་བ་རེད།

ཚོགས་འདུ་ཐོག་ད་དུང་དོན་གནད་གཞན་ལ་ཞིབ་འཇུག་བྱས་པ་རེད།