国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2024年10月29日

ཆབ་མདོ་གྲོང་ཁྱེར་གྱིས“ཏང་འཛུགས་སྐྱོང་ལ་བརྟེན་ནས་ལྟེ་བའི་ཡན་ལག་གྲོང་ཁྱེར་སྣེ་ཁྲིད་བྱེད། ལས་ཁུངས་ཀྱི་རིག་གནས་ལ་བརྟེན་ནས་ཐོག་མའི་བསམ་འདུན་མཚོན་པར་བྱེད་པའི”བརྗོད་དོན་གཙོ་བོའི་མཚན་ཚོགས་འཚོགས་པ།

རིག་རྩལ་འཁྲབ་སྟོན་གྱིས་ཡུལ་དངོས་ཡིན་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ་10ཚེས་25ཉིན་གྱི་དགོང་མོར། ཆབ་མདོ་གྲོང་ཨུད་གཞུང་དོན་ཁང་དང་། གྲོང་ཨུད་རྩ་འཛུགས་པུའུ། གྲོང་ཨུད་དྲིལ་བསྒྲགས་པུའུ། གྲོང་ཁྱེར་ཐད་གཏོགས་ལས་ཁུངས་ལས་དོན་ཨུ་ལྷན། གྲོང་ཁྱེར་སྤྱི་ཁྱབ་བཟོ་ཚོགས་བཅས་ཀྱིས་མཉམ་དུ་གཙོ་གཉེར་བྱས་པའི“ཏང་འཛུགས་སྐྱོང་ལ་བརྟེན་ནས་ལྟེ་བའི་ཡན་ལག་གྲོང་ཁྱེར་སྣེ་ཁྲིད་བྱེད། ལས་ཁུངས་ཀྱི་རིག་གནས་ལ་བརྟེན་ནས་ཐོག་མའི་བསམ་འདུན་མཚོན་པར་བྱེད་པའི”བརྗོད་དོན་གཙོ་བོའི་མཚན་ཚོགས་ཁམས་པའི་རིག་གནས་འཁྲབ་སྟོན་ལྟེ་གནས་སུ་གཉེར་བ་རེད།

དགོང་ཚོགས་ཀྱི་བརྗོད་དོན་གཙོ་བོ་ཁ་གསལ་བ་དང་།ལེ་ཚན་གྱི་ནང་དོན་ཕུན་སུམ་ཚོགས་པ། འཁྲབ་སྟོན་གྱི་རྣམ་པ་སྣ་ཚོགས་ཡིན་པ། ལེ་ཚན་དེ་གྲོང་ཁྱེར(ཀྲུང་དབྱང་དང་ལྗོངས་)ཐད་གཏོགས་ཀྱི་གཞི་རིམ་ཏང་རྩ་འཛུགས་ཁག་གིས་རང་རྩོམ་རང་འཁྲབ་བྱས་པ་དང་།བརྩེ་དུང་ཟབ་མོ་མཚོན་པའི་གླུ་གཞས་ཡོད་པ་མ་ཟད།ལས་ཁུངས་ཀྱི་རིག་གནས་ཁྱད་ཆོས་མངོན་པའི་ཞབས་བྲོ་དང་འཁྲབ་ཚན་ཐུང་གྲས་ཀྱང་འཁྲབ་སྟོན་བྱས་ནས་ལོ་74ཡི་རིང་གི་ཆབ་མདོའི་དམངས་གཙོའི་བཅོས་སྒྱུར་དང་།འབད་འབུངས་ཡར་བརྩོན།སྙིང་སྟོབས་ཆེར་བསྐྱེད་བཅས་ཀྱི་ལོ་རྒྱུས་ལམ་བུར་ཕྱིར་མིག་བལྟས་པ་དང་།ཏང་ཀྲུང་དབྱང་དང་ལྗོངས་ཏང་ཨུད།གྲོང་ཨུད་བཅས་ཀྱི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ཆབ་མདོའི་འཚར་ལོངས་དང་ཡར་ཐོན།འབྱུང་འགྱུར་བཅས་ཀྱི་རྒྱུན་མཐུད་ལེའུ་གསར་པ་མངོན་པ་དང་ལས་ཁུངས་ཀྱི་ཏང་ཡོན་ལས་བྱེད་པའི་སྐྱེ་སྟོབས་དང་།དཔའ་རྩོད།འབད་འབུངས་ཡར་བརྩོན་བཅས་ཀྱི་བསམ་པའི་ཉམས་འགྱུར་མངོན་ཡོད་པ་རེད།

མཚན་ཚོགས་དེ་སྒྱུར་བཅོས་འཕེལ་རྒྱས་ལ་བསྟོད་གླུ་འབུལ་བ་དང་།བདེ་སྐྱིད་ཁམས་བཟང་།མི་རིགས་ཀྱི་ཁྱད་ཆོས་ཟབ་མོ་ལྡན་པའི《དབྱངས་ཀྱི་རྒྱན་པའི་ཡུལ་གྲུ་》ཅེས་པའི་ཁྲོད་འགོ་ཚུགས་ཤིང་། ཞབས་བྲོ《དར་དམར》དང《ཁུ་ལུའི་མེ་ཏོག》གིས་གླུ་གར་ཁྲོད་ནས་གསར་བརྗེའི་གཏམ་རྒྱུད་བཤད་པ་དང་བརྩེ་སེམས་ཐོག་ནས་ཆབ་མདོར་བཅིངས་འགྲོལ་དང་འཕེལ་རྒྱས་ཀྱི་སྤྲོ་སེམས་འཁོལ་བའི་ལོ་ཟླ་མཚོན་པར་བྱས་པས་མི་རྣམ་ལ་སེམས་འགུལ་ཟབ་མོ་ཐེབས་པ་རེད། མཉམ་གཞས《ཆེས་མཛེས་པའི་གླུ་གཞས་ཏང་ལ་འབུལ》དང《ཨ་མ་གཅིག་གི་བུ་མོ》ཞེས་པའི་སྙན་འཇེབས་ལྡན་པའི་གླུ་སྒྲས་མེས་རྒྱལ་ལ་བསྟོད་གླུ་བླངས་ཏེ་ཆབ་མདོའི་སྐྱེ་སྟོབས་ཀྱི་དཔལ་འབར་བ་དང་ཡར་ངོའི་ཟླ་ལྟར་གོང་འཕེལ་གྱི་རྣམ་པ་གསར་རྐྱང་དང་མི་རིགས་ཁག་གི་མི་དམངས་གོམ་སྟབས་ཆེན་པོས་མདུན་དུ་སྐྱོད་པའི་བརྗིད་ཉམས་ལྡན་པའི་གཟུགས་བརྙན་མངོན་པར་བྱས་ཡོད།

འཁྲབ་སྟོན་ཧྲིལ་པོ་བརྗིད་ཉམས་ལྡན་པ་དང་།བརྩེ་དུང་ཟབ་པ།ལྟད་མོ་ཆེ་བ་བཅས་ཡོད་པ་དང་ལེ་ཚན་གྱི་སྙིང་འཇེབས་ལྡན་པའི་ནུས་པ་དང་། རྟོལ་ཤུགས། ཚབ་བྱེད་ཚོར་སྣང་བཅས་ཀྱིས་ས་གནས་ས་ཐོག་གི་ལྟད་མོ་བ་ཚོའི་ཡིད་དབང་རབ་ཏུ་འཕྲོག་ཡོད། ལྟད་མོ་བ་ཚོས་ད་རེས་ཀྱི་དགོང་ཚོགས་ཀྱི་མི་སེམས་ལ་འགུལ་བ་དང་ངོ་མཚར་ཆེ་བའི་རིག་གནས་ཀྱི་སྟོན་མོ་གཟབ་རྒྱས་ཤིག་ཡིན། ཞུམ་མེད་མདུན་སྐྱོད་དང་འོད་སྟོང་སླར་ཡང་གཏོད་པའི་སྐུལ་འདེད་ཀྱི་དུང་བརྡ་ཞིག་ཡིན་པས། དཔའ་ངར་ཆེར་སྐྱེད་དང་འབད་འབུངས་ཡར་བརྩོན་གྱི་ངར་ཤུགས་མུ་མཐུད་འཕེལ་བ་བྱས་ནས་འགན་འཁུར་ཕོད་པ་དང་དངོས་སྒྲུབ་མཁས་པོས་ལས་ཁུངས་ཏང་འཛུགས་སྐྱོང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལེའུ་གསར་པ་ཞིག་བརྩམས་ཏེ་ལྟེ་བའི་ཡན་ལག་གྲོང་ཁྱེར་འཛུགས་སྐྲུན་དང་།ཆབ་མདོའི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད་པ་རེད།