国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2024年10月25日

དཔལ་འབྱོར་འཕེལ་རྒྱས་གཏོང་བའི་རྨང་རྡོ་འཚོལ་ཞིབ་བྱེད། ཡུལ་བསྟུན་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་གཏོང་།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། གྲོང་ཁྱེར་ཡོངས་ཀྱིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་སྐབས་སུ། ཟླ10པའི་ཚེས16ཉིན་ནས་ཚེས21ཉིན་བར་གྲོང་ཨུད་ཀྱི་ཧྲུའུ་ཅི་ཀྲོང་ཅིན་སུང་གིས་དུས་ཡུན་ཉིན་དྲུག་གི་དུས་ཚོད་བེད་སྤྱད་དེ་སྔ་རྗེས་སུ་འཇོ་མདའ་དང་། གོ་འཇོ། དཔའ་ཤོད། ལྷོ་རོང་། དཔལ་འབར་བཅས་སུ་བསྐྱོད་དེ་གཞི་རིམ་གྱི་ལས་བྱེད་མང་ཚོགས་ལ་བྱམས་བརྩེའི་འཚམས་འདྲི་གནང་བ་མ་ཟད་རྒྱལ་ཡོངས་དང་ལྗོངས་ཡོངས་ཀྱི་སྤྱི་ཡོངས་ལ་དམིགས་ཏེ་ཡུལ་བབ་བསྟུན་ནས་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་བཏང་ནས་ཆབ་མདོའི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་རྒྱུའི་ཐད་བརྟག་ཞིབ་གནང་ཡོད།

བོད་ཤར་ས་གཞིར་སྟོན་ཁའི་ཉམས་སྣང་ཟབ། རྩྭ་ཐང་ཆེ་མོར་ཕྱུགས་རིགས་ཐང་མར་བརྡལ། ཐོན་སྐྱེད་རྩོལ་བའི་འཕྲུལ་ཆས་ལྡིར་ལྡིར་གྲགས། རྣམ་གྲངས་འཛུགས་སྐྲུན་ཉིན་བཞིན་ཚ་རླབས་འཕྱུར། གཞི་རིམ་བཅོས་སྐྱོང་རྣམ་པ་གང་སར་མཐོང་། ཀྲོང་ཅིན་སུང་གྲོང་གསེབ་དང་། དགོན་སྡེ། ཁེ་ལས། ཐོན་ལས་གླིང་། རྣམ་གྲངས་འཛུགས་སྐྲུན་བྱ་ཡུལ་སོགས་སུ་ཕེབས་ཏེ་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སྒྲོག་འགྲེལ་དང་། གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་དང་། ཐོན་ལས་འཕེལ་རྒྱས། དགོན་སྡེའི་དོ་དམ། ལས་གཞི་འཛུགས་སྐྲུན། གསར་བརྗེའི་རིག་གནས་སྔོག་འདོན་སོགས་ཀྱི་ལས་དོན་ལ་བརྟག་ཞིབ་གནང་ཞིང་། ཁོང་གིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ།“དོན་ཆེན་བཞིར”དམིགས་པ་དང་།“འཛུགས་གཏོད་བཞིར”དམ་པོར་དམིགས་པ། ཁྱད་ལྡན་དགེ་མཚན་འདོན་སྤེལ་གང་ལེགས་བྱེད་པ། ཡུལ་བབ་བསྟུན་ནས་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་བཏང་ནས་ཆབ་མདོའི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་ཡོད།

ཡུལ་བབ་དང་བསྟུན་ནས་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་སུ་གཏོང་རྒྱུ་ནི་དུས་རབས་ཀྱི་དགོས་མཁོ་དང་འཕེལ་རྒྱས་ཀྱི་འཕྲལ་མཁོ། དུས་ཀྱི་འཁོར་ཕྱོགས་བཅས་ཡིན་པས། སྣེ་འདྲེན་ཁེ་ལས་ཀྱིས་སྣེ་ཁྲིད་བྱེད་པར་ཁ་འབྲལ་ཐབས་མེད་པ་རེད། ཀྲོང་ཅིན་སུང་གིས་བོད་ལྗོངས་གཡུ་ལུང་ཟངས་གཏེར་མ་རྐང་ཚད་ཡོད་ཀུང་སི་དང་། དཔའ་ཤོད་དུང་དཀར་ཨར་འདམ་ཚད་ཡོད་འགན་འཁྲི་ཀུང་སིའི་བཀོད་འདོམས་བཀོད་གཏོང་ལྟེ་གནས་དང་གཏེར་རི་བཅས་སུ་ཕེབས་ཏེ། ཁེ་ལས་ཀྱིས་སྤུས་ཚད་གསར་པའི་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་དང་ལྗང་མདོག་གཏེར་རི་འཛུགས་སྐྲུན་འཕེལ་རིམ་སོགས་ཀྱི་གནས་ཚུལ་ལ་ཤེས་རྟོགས་ཞིབ་ཕྲ་གནང་ཞིང་། ཁོང་གིས་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་གཏོང་རྒྱུ་ནི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ནང་གནས་ཀྱི་བླང་བྱ་དང་ཤུགས་རྒྱག་ས་གཙོ་བོ་ཞིག་རེད། ཚན་རྩལ་གསར་གཏོད་ལ་ཤུགས་སྣོན་བརྒྱབ་སྟེ་འགག་རྩའི་ལྟེ་བའི་ལག་རྩལ་སྔར་བས་མང་བ་ཁོང་དུ་ཆུད་གང་ཐུབ་བྱེད་པ། ཚན་རྩལ་གསར་གཏོད་ལ་བརྟེན་ནས་ཐོན་ལས་གསར་གཏོད་ལ་སྐུལ་འདེད་གཏོང་བ། འཕེལ་རྒྱས་གཏོང་སྟངས་གསར་པ་སྔར་བས་མང་བ་ཐོན་པར་སྐུལ་འདེད་གཏོང་དགོས་ཞེས་ནན་བཤད་གནང་ཡོད།

ཏ་ཐང་བོད་ལྗོངས་དཔའ་ཤོད་ཀྱི་ཀྲའོ་ཝ་100ཡི་འགན་ལེན་རང་བཞིན་གྱི་དྲ་སྦྲེལ་རླུང་གློག་རྣམ་གྲངས་ནི་མིག་སྔར་ས་བབ་མཐོ་ལ་ཤོང་ཚད་ཆེ་བའི་ལས་གཞི་ཞིག་ཡིན་ལ། མིག་སྔར་གློག་འདོན་འཕྲུལ་འཁོར་སྒྲིག་སྦྱོར་ལེགས་གྲུབ་ཟིན་ནས་སྙོམས་སྒྲིག་ཚོད་ལྟའི་དུས་མཚམས་སུ་སླེབས་ཡོད། ཀྲོང་ཅིན་སུང་གིས་ས་ཡུལ་དངོས་སུ་ལས་གཞིའི་འཕེལ་རིམ་ལ་བརྟག་ཞིབ་གནང་ཡོད།

འཇོ་མདའ་རྫོང་གྱང་སྔོན་དགོན་དང་། དཔའ་ཤོད་རྫོང་གནས་རབ་དགོན། ལྷོ་རོང་རྫོང་གཞི་བཀྲམ་དགོན་བཅས་སུ་ཀྲོང་ཅིན་སུང་གིས་གྲྭ་བཙུན་དང་བྱམས་བརྩེའི་གླེང་མོལ་བྱས་ཏེ་ཁོ་ཚོའི་སྒོམ་སྒྲུབ་དང་རྒྱུན་གཏན་གྱི་འཚོ་བ་སོགས་ཀྱི་གནས་ཚུལ་ཤེས་རྟོགས་ཞིབ་ཕྲ་གནང་ཞིང་། ཁོང་གིས་རྒྱ་ཆེའི་ཆོས་ལུགས་ལས་རིགས་མི་སྣ་ཡིས་རྒྱལ་གཅེས་རིང་ལུགས་ཀྱི་སྲོལ་རྒྱུན་བཟང་པོ་རྒྱུན་འཛིན་དང་དར་སྤེལ་བཏང་སྟེ་སྒོམ་སྒྲུབ་ཉམས་ལེན་དང་། དད་སྦྱོར་ཡང་དག་བྱེད་པ་དང་། འདུ་ཤེས་གསུམ་བརྟན་པོར་འཛུགས་པ། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་ལག་བསྟར་ཧུར་ཐག་བཅས་བྱས་ཏེ་སྤྱི་ཚོགས་འཕེལ་རྒྱས་དང་ཡར་ཐོན་ལ་སྐུལ་འདེད་གཏོང་བའི་ཁྲོད་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱ་རྒྱུའི་རེ་བ་བཏོན་ཡོད། མི་རིགས་ཆོས་ལུགས་ཚན་པ་ཡིས་ཆོས་ལུགས་ལས་རིགས་ཀྱི“འདུ་ཤེས་གསུམ”གྱི་སློབ་གསོའི་བྱེད་སྒོའི་ནང་དོན་རྒྱུན་ཆད་མེད་པར་ཕུན་སུམ་ཚོགས་སུ་གཏོང་བ་དང་། ཆོས་ལུགས་ལས་རིགས་ཀྱིས་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་སློབ་སྦྱོང་དང་། ཡིག་གཟུགས། རི་མོ། པར་ལེན་སོགས་ཀྱི་གསབ་སྦྱོང་དང་དཔྱད་བསྡུར་སྤེལ་ནས་རྒྱ་ཆེའི་གྲྭ་བཙུན་ཚོའི་བདེ་ཐང་གི་རིག་གནས་འཚོ་བ་ཕུན་སུམ་ཚོགས་སུ་གཏོང་རྒྱུའི་བླང་བྱ་བཏོན་ཡོད།

ལྷོ་རོང་རྫོང་གི་གཞི་བཀྲམ་དགོན་གྱི་རྒྱབ་རིར“རི་བོ་ཐའེ་ཧྲན་ལས་ལྕི”ཞེས་པའི་ཡིག་འབྲུ་ཆེན་པོ་བརྐོས་ཡོད་པའི་རྡོ་རིང་ཞིག་འགྱིང་ཡོད་པ་དེས་བཅིངས་འགྲོལ་དམག་གི་དཔུང་སྡེ་ཞིག་གིས་ས་གནས་དེ་གའི་ལོག་སྤྱོད་པའི་དྲག་པོའི་ངོ་ལོག་ཟིང་འཁྲུག་ཞོད་འཇགས་སུ་བཏང་བའི་དཔའ་བོའི་མཛད་རྗེས་བརྐོས་ཡོད། ལོ60རིང་གཞི་བཀྲམ་དགོན་གྱི་དགེ་འདུན་པས་རྡོ་རིང་འདི་ལ་སྲུང་སྐྱོང་ཡག་པོ་བྱས་པ་དང་དངོས་ཡོད་བྱ་སྤྱོད་ལ་བརྟེན་ནས་ཏང་ལ་དགའ་ཞེན་དང་། རྒྱལ་ཁབ་ལ་དགའ་ཞེན་ཆེ་བའི་བསམ་འདུན་དར་སྤེལ་བཏང་ཡོད། ཀྲོང་ཅིན་སུང་གིས་“རི་བོ་ཐའེ་ཧྲན་ལས་ལྕི”ཞེས་པའི་ཡིག་འབྲུ་ཆེན་པོ་བརྐོས་ཡོད་པའི་རྡོ་རིང་འདི་ནི་ཆབ་མདོའི་གསར་བརྗེའི་ལོ་རྒྱུས་མཚོན་བྱེད་ཀྱི་དཔང་པོ་ཡིན་ལ། གཞི་བཀྲམ་དགོན་ནི་ཆོས་ལུགས་ལས་རིགས་ཀྱི་རྒྱལ་གཅེས་ཆོས་གཅེས་ཀྱི་དཔེ་མཚོན་ཞིག་ཡིན་པས་གསར་བརྗེའི་ལོ་རྒྱུས་དེ་དྲིལ་བསྒྲགས་དང་འགྲེམས་སྟོན་བྱས་ཏེ་གྲོང་ཁྱེར་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོས་ལོ་རྒྱུས་བློ་ལ་བརྟན་པོར་ངེས་པ་དང་། ད་ཆར་གཅེས་སྤྲས། འབྱུང་འགྱུར་གཏོད་པ་བཅས་ལ་སྔར་བས་སྐུལ་ལྕག་དང་སྐུལ་སློང་བྱེད་དགོས་ཞེས་བསྟན།

ཉེ་བའི་ལོ་ཤས་རིང་། ཆབ་མདོ་གྲོང་ཁྱེར་གྱིས་རིག་གནས་ཡུལ་སྐོར་ཐོན་ལས་དེ་ཀ་རྟེན་ལྟ་བུའི་ཐོན་ལས་སུ་བརྩིས་ནས་མཐོང་ཆེན་བྱས་པ་དང་། རྒྱལ་ལམ་349ཡི་ལམ་ཐིག་ཐོག་ལྷོ་རོང་རྫོང་ཤོ་པ་མདོ་གྲོང་རྡལ་དང་དེ་བཞིན་དཔལ་འབར་རྫོང་དཔལ་འབར་གྲོང་རྡལ། སྤྱི་གླིང་ཤང་གི་ཁྱད་ལྡན་རིག་གནས་ཡུལ་སྐོར་གྲོང་རྡལ་ཆུང་ངུ་བསྐྲུན་རྒྱུར་དམིགས་ཏེ་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ཡོང་བར་ནུས་པ་མཁོ་འདོན་བྱས་ཡོད། ཀྲོང་ཅིན་སུང་གིས་སྔ་རྗེས་སུ་ཤོ་པ་མདོ་གྲོང་རྡལ་དང་། དཔལ་འབར་གྲོང་རྡལ།སྤྱི་གླིང་ཤང་བཅས་ཀྱི་ཁྱད་ལྡན་རིག་གནས་ཡུལ་སྐོར་གྲོང་རྡལ་ཆུང་ངུ་འཛུགས་སྐྲུན་བྱ་ཡུལ་དུ་ཕེབས་ནས་རྣམ་གྲངས་འཆར་འགོད་ལས་ལུས་སྦྱོང་དང་ཡུལ་སྐོར་ཐོན་ཁུངས་གསར་སྤེལ་བྱས་ཚུལ་ལ་ཤེས་རྟོགས་བྱས་པ་དང་། ས་ཡུལ་དངོས་སུ་རྣམ་གྲངས་འཛུགས་སྐྲུན་ཁྲོད་ཀྱི་དཀའ་ངལ་དང་གནད་དོན་མཐུན་སྦྱོར་ཐག་གཅོད་བྱས་པ་རེད།

ཀྲོང་ཅིན་སུང་གིས་ཆབ་མདོའི་ཁྱད་ལྡན་ཐོན་ཟོག་གསར་སྤེལ་བེད་སྤྱོད་དང་མང་ཚོགས་ཀྱི་འབབ་འཕར་ལས་ཀར་ཐུགས་ཁུར་ཧ་ཅང་ཆེན་པོ་གནང་གི་ཡོད། ཁོང་སྔ་རྗེས་སུ་འཇོ་མདའ་རྫོང་གི་མགོ་མདའ་གྲོང་ཚོའི་ཁམས་གཙང་རང་བྱུང་འཐུང་ཆུ་ཚད་ཡོད་འགན་འཁྲི་ཀུང་སི་དང་། བོད་ཤར་ཚན་རྩལ་གསར་སྤེལ་ཚད་ཡོད་ཀུང་སི། ལྷོ་རོང་རྫོང་ལྷོ་རྗོང་ཁྱད་ལྡན་ཐོན་ཟོག་གསར་སྤེལ་ཚད་ཡོད་ཀུང་སི་སོགས་སུ་ཕེབས་ཏེ་ས་མཐོའི་ཁྱད་ལྡན་ཞིང་འབྲོག་ཐོན་ལས་འཕེལ་རྒྱས་དང་མང་ཚོགས་ལ་འབབ་འཕར་ཡོང་རྒྱུར་སྐུལ་ཁྲིད་གནང་བ་རེད།

གོ་འཇོ་རྫོང་སྐྱ་འབེལ་ཤང་བསམ་གྲུབ་རོང་ཐོན་ལས་གླིང་དུ་ཀྲོང་ཅིན་སུང་གིས་མི་རིགས་ལག་ཤེས་བཟོ་ལས་ཀྱི་རྒྱུན་འཛིན་པའི་དབར་བྱམས་བརྩེའི་ངང་བཀའ་མོལ་གནང་ནས་ཁོ་ཚོའི་ཡོང་འབབ་གནས་ཚུལ་ཤེས་རྟོགས་གནང་ཡོད།

ཀྲོང་ཅིན་སུང་གིས་གཞི་རིམ་ལས་བྱེད་པ་དང་མང་ཚོགས་ཀྱི་ལས་ཀ་དང་འཚོ་བར་སེམས་ཁུར་ཧ་ཅང་ཆེན་པོ་གནང་གི་ཡོད། འཇོ་མདའ་རྫོང་ཆུ་གཉིས་མདོ་ཤང་དང་། འཇོ་མདའ་གྲོང་རྡལ། དཔའ་ཤོད་རྫོང་པད་མ་གྲོང་རྡལ། ལྷོ་རོང་རྫོང་རྫི་ཐོ་གྲོང་རྡལ་གྱི་བདེ་ཁང་སྡེ་ཁུལ་བཅས་སུ་ཀྲང་ཅིན་སུང་གིས་གཞི་རིམ་ལས་བྱེད་པ་དང་མང་ཚོགས་ལ་བྱམས་བརྩེའི་ངང་གླེང་མོལ་གནང་ནས་ཁོང་ཚོའི་ལས་ཀ་དང་འཚོ་བའི་གནས་ཚུལ་ཤེས་རྟོགས་ཞིབ་ཕྲ་གནང་བ་མ་ཟད། ཁོང་གིས་གཞི་རིམ་ལས་བྱེད་པ་ནི་མང་ཚོགས་ཀྱི་མདུན་སར་ཡོད་པ་དང་མང་ཚོགས་ཀྱི་སེམས་ནང་ཏང་དང་སྲིད་གཞུང་ལ་ཐད་ཀར་བག་ཆགས་ཟབ་མོ་བཞག་ཡོད། ཁོང་གིས་ཚང་མས་ལས་ཀའི་ཁྲོད་དུས་རབས་གསར་པའི་ཏང་གི་མང་ཚོགས་ལམ་ཕྱོགས་ལག་ལེན་ཡག་པོ་བསྟར་ཏེ་ངང་རྒྱུད་རིང་པོས་མང་ཚོགས་ཀྱི་ལས་དོན་ཡག་པོ་བསྒྲུབ་དགོས་པའི་མངགས་བཅོལ་གནང་ཡོད། ཀྲོང་ཅིན་སུང་གིས་ད་དུང་གཞི་རིམ་གྱི་ལས་བྱེད་པ་ཚོས་ཞིང་འབྲོག་སོས་དལ་ཡིན་པའི་དུས་སུ་མང་ཚོགས་རང་བཞིན་གྱི་བྱེད་སྒོ་སྣ་ཚོགས་མང་ཙམ་སྤེལ་བ་དང་། མང་ཚོགས་ཀྱི་བསམ་པའི་རིག་གནས་འཚོ་བ་ཕུན་སུམ་ཚོགས་སུ་གཏོང་བ། དུས་རབས་གསར་པའི་ཞིང་འབྲོག་མང་ཚོགས་ཀྱི་སྙིང་སྟོབས་གང་ལེགས་མངོན་པར་བྱེད་པ། སློབ་སྦྱོང་དང་རྗེས་སྙེག་གི་འདུ་ཤེས་འཛུགས་པ། མང་ཚོགས་ལ་སྐུལ་སློང་བྱས་ཏེ“གསར་བརྗེའི་ཆབ་མདོ་དར་རྒྱས་དང་དཔའ་མཛངས་རྟུལ་ཕོད་ཀྱིས་མདུན་དུ་བསྐྱོད་པ”ལ་དམངས་ཡོངས་བྱེད་སྒོར་ཞུགས་པ་བཅས་བྱས་ཏེ་གཞི་རིམ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བ་བྱེད་དགོས་པའི་སྐུལ་ལྕག་ཡང་གནང་བ་རེད།

བརྟག་ཞིབ་གནང་རིང་། ཀྲོང་ཅིན་སུང་གིས་འཇོ་མདའ་རྫོང་སྤྱི་བདེ་ཅུད་དང་བརྟན་ལྷིང་སྲུང་སྐྱོང་བཀོད་འདོམས་ལྟེ་གནས་སོགས་སུ་ཕེབས་ནས་བརྟན་ལྷིང་སྲུང་སྐྱོང་དང་གཞི་རིམ་བཅོས་སྐྱོང་ལས་དོན་སྤེལ་ཚུལ་ཤེས་རྟོགས་གནང་ཡོད།