国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2024年10月25日

ཆབ་མདོ་གྲོང་ཁྱེར་གྱི་གལ་ཆེའི་འཛུགས་སྐྲུན་རྣམ་གྲངས་ཀྱི་ཞིང་པ་ལས་མིའི་གླ་ཆ་འགྱངས་ཆད་ཀྱི་གནད་དོན་ཐག་གཅོད་བྱེད་པའི་ཆེད་དོན་མཐུན་སྦྱོར་གྱི་སྦྲེལ་མཐུད་ཚོགས་འདུ་འཚོགས་པ།

ལའོ་ཆིན་འུའུ་ཡིས་གསུང་བཤད་གནང་བ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ10ཚེས21ཉིན་གྱི་སྔ་དྲོར། ཆབ་མདོ་གྲོང་ཁྱེར་གྱི་གལ་ཆེའི་འཛུགས་སྐྲུན་རྣམ་གྲངས་ཀྱི་ཞིང་པ་ལས་མིའི་གླ་ཆ་འགྱངས་ཆད་ཀྱི་གནད་དོན་ཐག་གཅོད་བྱེད་པའི་ཆེད་དོན་མཐུན་སྦྱོར་གྱི་སྦྲེལ་མཐུད་ཚོགས་འདུ་འཚོགས་ཤིང་། གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཧྲི་ཀྲང་ལའོ་ཆིན་འུའུ་ཚོགས་འདུ་ཞུགས་པ་མ་ཟད་གསུང་བཤད་ཀྱང་གནང་བ་དང་། གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རྒྱུན་ལས་ཧྲི་ཀྲང་གཞོན་པ་ཝུའེ་ཤིན་ཀུའེ་ཡིས་ཚོགས་འདུ་གཙོ་སྐྱོང་ཞུས་ཡོད།

ཚོགས་འདུའི་ཐོག་ཆབ་མདོ་གྲོང་ཁྱེར་གྱི་གལ་ཆེའི་འཛུགས་སྐྲུན་རྣམ་གྲངས་ཀྱི་ཞིང་པ་ལས་མིའི་གླ་ཆ་འགྱངས་ཆད་དང་བདེ་འཇགས་ཐོན་སྐྱེད་གནད་དོན་གྱི་མངོན་མེད་རྐྱེན་ངན་སྐོར་གྱི་སྙན་སེང་ལ་གསན་ཡོད།

ལའོ་ཆིན་འུའུ་ཡིས་གལ་ཆེའི་འཛུགས་སྐྲུན་རྣམ་གྲངས་ནི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་མགྱོགས་སུ་གཏོང་བྱེད་འཕྲུལ་ཆས་དང་གྲུ་རྡོ་ལྟ་བུ་ཡིན། སྤྱི་ཚོགས་ཐོག་ཤུགས་རྐྱེན་ཁྱབ་ཁྱོན་ཆེ་བ་དང་།དོ་སྣང་བྱེད་ཚད་མཐོ་བ།འཐབ་ས་དང་པོའི་ཨར་ལས་མི་སྣའི་ངལ་རྩོལ་བདེ་འཇགས་དང་གླ་ཕོགས་ཁེ་དབང་འགན་ལེན་བྱ་རྒྱུ་ནི་གལ་འགངས་ཤིན་ཏུ་ཆེ་བ་ཞིག་རེད། གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་ཚད་མཐོའི་མཐོང་ཆེན་གནང་བ་དང་སྐུལ་འདེད་ཤུགས་ཆེན་བཏང་ཡོད་ལ། ཁེ་ལས་བདག་པོའི་ཚན་པ་ཁག་དང་འཛུགས་སྐྲུན་ཚན་པ་ཁག་གིས་མཉམ་ལས་གཞོགས་འདེགས་དམ་ཟབ་བྱས་ཏེ་ལས་དོན་ཁག་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད་པས་ལས་གཞི་གལ་ཆེན་འཛུགས་སྐྲུན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད་ཅེས་བསྟན།

ལའོ་ཆིན་འུའུ་ཡིས་རྫོང(ཆུས)ཁག་དང་འབྲེལ་ཡོད་ཚན་པ་ཁག་གིས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་བརྟན་པོ་འཛུགས་དགོས་པ་དང་། གནད་དོན་གྱི་ཁྲིད་ཕྱོགསདང་། དམིགས་ཚད་སྟོན་ཕྱོགས། མཇུག་འབྲས་ཁྲིད་ཕྱོགས་བཅས་རྒྱུན་འཁྱོངས་བྱས་ཏེ། ལས་མིའི་གླ་ཆ་འགྱངས་ཆད་ཀྱི་གནད་དོན་ཐག་གཅོད་བྱེད་པའི་ཆབ་སྲིད་ཀྱི་འགན་འཁྲི་མཐའ་གཅིག་ཏུ་འཁུར་བ་དང་། གལ་ཆེའི་རྣམ་གྲངས་ལ་དམིགས་ཏེ། འགྱངས་ཆད་བྱེད་པའི་དཀའ་གནད་སེལ་བ། གླ་ཆ་འགྱངས་ཆད་ཀྱི་ཉེན་ཁར་དོ་དམ་ཚོད་འཛིན་བྱེད་པ་དང་། ངལ་རྩོལ་ལས་མི་བེད་སྤྱོད་སོགས་ཀྱི་བྱ་ཐབས་འཐུས་ཚང་དུ་གཏོང་བ་དང་དོན་འཁྱོལ། གླ་ཆ་འགྱངས་ཆད་ཀྱི་གྱོད་གཞི་ཞིབ་གཅོད་ལ་མུ་མཐུད་དམ་འཛིན་བྱེད་པ། གླ་ཆ་འགྱངས་ཆད་ཀྱི་གནད་དོན་ནུས་ཤུགས་ཡོད་རྒུས་ཐག་གཅོད་ཡག་པོ་བྱེད་པ། བྱ་སྤྱོད་དངོས་ཀྱི་ཐོག་ནས་གླ་ཆ་འགྱངས་ཆད་ཀྱི་གནད་དོན་ལ་སྔོན་འགོག་ནུས་ལྡན་བཅས་བྱེད་ཅིང་། གླ་ཆ་འགྱངས་ཆད་ཡོང་བར་འབྱུང་རྩ་ནས་སྔོན་འགོག་བྱེད་པ་དང་། གླ་ཆ་འགྱངས་ཆད་ཀྱི་གནད་དོན་རྒྱུན་མཐུད་ངང་སྔོན་འགོག་བྱེད་ཤུགས་ཆེ་རུ་གཏོང་དགོས་ཞེས་ནན་བཤད་གནང་ཡོད།

ལའོ་ཆིན་འུའུ་ཡིས་རྫོང(ཆུས)ཁག་དང་འབྲེལ་ཡོད་སྡེ་ཚན་ཁག་གི་འགན་འཁུར་བ་གཙོ་བོས་གླ་ཆ་འགྱངས་ཆད་ཀྱི་གནད་དོན་དངོས་སུ་རྩད་གཅོད་དང་ཐག་གཅོད་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་།ལས་དོན་ལ་སྐུལ་འདེད་གཏོང་བའི་བརྒྱུད་རིམ་ཁྲོད་འཕྲད་པའི་གནད་དོན་གལ་ཆེན་དུས་ཐོག་ཏུ་མཐུན་སྦྱོར་དང་ཐག་གཅོད་བྱེད་དགོས་ཤིང་། ཨར་སྐྲུན་ཁེ་ལས་ཀྱི་བྱེད་པོའི་འགན་འཁྲི་དོན་འཁྱོལ་བྱེད་པར་སྐུལ་འདེད་གཏོང་བ་དང་། ལས་མིའི་གླ་ཆ་སྤྲོད་པ་སོགས་ཀྱི་རྨང་གཞིའི་ལས་དོན་ཏན་ཏིག་ངང་ཡག་པོ་བསྒྲུབ་དགོས་ལ། ལས་མི་རྣམས་ལ་ཁྲིམས་དང་གཏན་འབེབས་གཞིར་བཟུང་ནས་རེ་ཞུ་འདོན་པར་ཁྲིད་སྟོན་བཅས་བྱེད་དགོས་པ་དང་། སྐྲུན་བཞིན་པའི་རྣམ་གྲངས་ལ་རྗེས་སྙེག་དང་། བརྒྱུད་རིམ་ཧྲིལ་པོར་རྗེས་འདེད། བརྒྱུད་རིམ་ཧྲིལ་པོར་ལྟ་སྐུལ་དོ་དམ། ཆ་འཕྲིན་དུས་ཐོག་ཏུ་མཉམ་སྤྱོད་བཅས་བྱེད་ཅིང་། དུས་ཐོག་ཏུ་སྡེ་ཚན་དང་མཐུན་སྦྱོར་ངང་ཐག་གཅོད་བྱེད་དགོས་པའི་བླང་བྱ་བཏོན་ཡོད།

ཚོགས་འདུའི་ཐོག་འབྲེལ་ཡོད་གལ་ཆེའི་འཛུགས་སྐྲུན་རྣམ་གྲངས་ཚན་པས་གཏམ་བཤད་བྱས་པ་རེད།