འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ10པའི་ཚེས23ཉིན་གྱི་སྔ་དྲོར།“ཆབ་མདོའི་གཡུལ་འགྱེད་ལ་དྲན་གསོ་ཞུ་བ་བརྗོད་དོན་གཙོ་བོའི་འགྲེམས་སྟོན”དངོས་སུ་འགོ་ཚུགས་པ་རེད། བོད་དམག་ཁུལ་ཁང་གི་སི་ལིན་ཡོན་ཝང་ཁའེ་དང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དྲིལ་བསྒྲགས་པུའུ་ཀྲང་ཝང་ཧའེ་ཀྲུའུ་འགོ་ཚུགས་མཛད་སྒོ་ཞུགས་ཡོད།
བོད་དམག་ཁུལ་ཁང་གི་ཆབ་སྲིད་ཨུ་ཡོན་གཞོན་པ་ངག་དབང་དང་། གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཧྲེ་ཀྲང་ལའོ་ཆིན་འུའུ་ཡིས་ཤིས་ཚིག་ཕུལ་ཡོད།
གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཝང་ཡ་ཏུང་གིས་གཙོ་སྐྱོང་ཞུས་པ་དང་། གྲོང་ཁྱེར་སྲིད་གྲོས་ཀྱི་ཏང་ཙུའི་ཧྲུའུ་ཅི་ཀྲུའུ་ཞི་རྡོ་རྗེ་དགྲ་འདུལ་ཞུགས་ཡོད། གྲོང་ཨུད་ཀྱི་རྒྱུན་ཨུ་དྲིལ་བསྒྲགས་པུའུ་ཀྲང་དངོས་གྲུབ་ཟླ་བ་དང་། ཆབ་མདོ་ཡན་ལག་དམག་ཁུལ་ཁང་གི་ཆབ་སྲིད་ཨུ་ཡོན་ཀའོ་ཅིན་པིང་བྱེད་སྒོ་ཞུགས་ཡོད།
ངག་དབང་གིས་བོད་ལྗོངས་དམག་ཁུལ་ཁང་གི་ཏང་ཨུད་ལས་ཁུངས་དང་ལྗོངས་ཡོངས་ཀྱི་དཔོན་དམག་གི་ཚབ་ཞུས་ནས། “ཆབ་མདོའི་གཡུལ་འགྱེད་ལ་དྲན་གསོ་ཞུ་བ་བརྗོད་དོན་གཙོ་བོའི་འགྲེམས་སྟོན”བསྐྲུན་པར་དཀའ་སྤྱད་འབད་བརྩོན་བྱེད་མཁན་གྱི་དམག་དཔུང་དང་ས་གནས་ཁག་ལ་བླ་ན་མེད་པའི་གུས་འདུད་དང་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་པ་རེད། ཁོང་གིས་ཆབ་མདོའི་གཡུལ་འགྱེད་ལ་དྲན་གསོ་ཞུ་བ་བརྗོད་དོན་གཙོ་བོའི་འགྲེམས་སྟོན་སྐྲུན་ནས་ཆབ་མདོའི་གནའ་ཤུལ40ཉམས་གསོ་ཐུབ་པ་དེ་ནི་རང་སྐྱོང་ལྗོངས་དེ་བཞིན་ཆབ་མདོ་གྲོང་ཁྱེར་གྱི་རིམ་ཁག་ཏང་ཨུད་སྲིད་གཞུང་གི་སྲ་ཞིང་བརྟན་པའི་སྤྱི་འདོམས་དང་སྐུལ་འདེད་ཤུགས་ཆེན་དང་། དམག་དཔུང་དང་ས་གནས་རིམ་ཁག་གི་མཉམ་ལས། གསར་བརྗེའི་རྒན་རབས་པ་དང་རྗེས་རབས་པའི་རྒྱབ་སྐྱོར་ཤུགས་ཆེན་དང་སྒེར་སེམས་མེད་པའི་བློས་གཏོང་། འཛུགས་སྐྲུན་གྱི་ལས་འགན་ནང་ཞུགས་མཁན་བློ་མཐུན་ཚང་མས་སེམས་ཤུགས་གང་ཡོད་བཏོན་པ་བཅས་དང་ཁ་འབྲལ་ཐབས་མེད། དམག་དཔུང་དང་ས་གནས་ཕྱོགས་གཉིས་པོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་ཟབ་མོ་བློ་ལ་བརྟན་པོར་ངེས་ཏེ་ཆབ་མདོའི་གཡུལ་འགྱེད་ཀྱི་གཟི་བརྗིད་ལྡན་པའི་གསར་བརྗེའི་ལོ་རྒྱུས་ལ་ལྡན་པའི་བློ་གྲོས་དང་སྟོབས་ཤུགས་བསྡུ་ལེན་བྱེད་པ་དང་།
གསར་བརྗེའི་རྒན་རབས་པའི་ཞབས་རྗེས་དེད་དེ་འབད་འབུངས་མདུན་སྐྱོད་བྱས་ནས། བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས་བཅས་དོན་ཆེན་བཞིར་དམ་པོར་དམིགས་པ་དང་།“བོད་སྐྱོད་པ་རྒན་གྲས”ཀྱི་སྙིང་སྟོབས་དང“ལམ་གཉིས”ཀྱི་སྙིང་སྟོབས་དར་སྤེལ་གཏོང་བ་བཅས་བྱས་ཏེ། བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས་པའི་རེ་བ་བཏོན་ཡོད།
མཛད་སྒོའི་མཇུག་ཏུ། ཝང་ཁའེ་དང་ཝང་ཧའེ་ཀྲུའུ་རྣམ་གཉིས་ཀྱིས“ཆབ་མདོའི་གཡུལ་འགྱེད་ལ་དྲན་གསོ་ཞུ་བ་བརྗོད་དོན་གཙོ་བོའི་འགྲེམས་སྟོན”སྒོ་བྱང་བཀལ་ཡོད།
“ཆབ་མདོའི་གཡུལ་འགྱེད་ལ་དྲན་གསོ་ཞུ་བ་བརྗོད་དོན་གཙོ་བོའི་འགྲེམས་སྟོན”དེ་ཆབ་མདོ་གྲོང་ཁྱེར་གསར་བརྗེའི་ལོ་རྒྱུས་རྟེན་རྫས་བཤམས་མཛོད་ཁང་དུ་སྤེལ་བ་དང་། “ཆབ་མདོར་བཅིངས་འགྲོལ་གཏོང་བའི་གངས་ལྗོངས་ཀྱི་དགའ་གླུ”ཞེས་པ་བརྗོད་དོན་གཙོ་བོར་བྱས་ཏེ། “ཁང་གཅིག་དང་ཚོམས་ཆེན་གཉིས”སུ་བཤམས་སྟོན་བྱས་པ་དང་། སྤྱིའི་འགྲེམས་སྟོན་གྱི་རྒྱ་ཁྱོན་སྨི་ངོས་བཞི1084ཟིན་ནས། རིག་དངོས284ཉར་ཚགས་བྱས་ཡོད།