“སྐུ་ཁམས་བཟང་། ཁྱེད་ལ་དོན་དག་ག་རེ་ཡོད”
“ངས་ཁེ་ལས་ཐོ་འགོད་བྱེད་དགོས། སྐར་ཁུང་གང་དུ་འགྲོ་དགོས།”
གུ་ཡངས་ལ་དཀར་ཆ་ཆེ་བ་དང་གྲལ་འགྲིག་ཅིང་གཙང་སྦྲ་དོད་པོའི་ཆབ་མདོ་གྲོང་ཁྱེར་སྲིད་དོན་ཞབས་ཞུ་ལྟེ་གནས་ཀྱི་ཚོམས་ཆེན་དུ་སོང་ཚེ། གསར་འགོད་པས་བློ་འདྲིའི་སྟེགས་བུའི་ལས་དོན་མི་སྣའི་ཁྲིད་སྟོན་བྱས་པ་བརྒྱུད་དོན་དག་སྒྲུབ་པར་ཡོང་བའི་མང་ཚོགས་ཀྱིས་ལམ་སེང་སྐར་ཁུང་དུ་སོང་ནས་ལས་སྒོ་གཉེར་བས་ཚོམས་ཆེན་དུ་བྲེལ་འཚུབ་ཆེ་ལ་གོ་རིམ་ལྡན་པའི་རྣམ་པ་ཞིག་མཐོང་བྱུང་།
ཤེས་རྟོགས་བྱུང་བར་གཞིགས་ན། ངེད་གྲོང་ཁྱེར་གྱི་སྲིད་དོན་ཞབས་ཞུ་དེ“དོན་དག་གཅིག་སྐར་ཁུང་མང་པོ་འགྲོ་བ”ནས“སྐར་ཁུང་གཅིག་ནས་བྱ་བ་ཀུན་སྒྲུབ”བར་འགྱུར་ལྡོག་འགྲོ་རྒྱུར་སྐུལ་འདེད་གཏོང་ཆེད། འདི་ལོའི་ཟླ་9པར་གྲོང་ཁྱེར་སྲིད་འཛིན་ཞིབ་མཆན་དང་དམངས་ཕན་ཞབས་ཞུ་ཅུས་ཀྱིས་ཕྱོགས་བསྡུས་ཞབས་ཞུའི་སྐར་ཁུང་དོན་ཚན་གྱི་དབང་ཆ་སྤྲོད་པའི་ཚོགས་འདུ་སྒྲིག་འཛུགས་བྱས་ནས་འཚོགས་པ་མ་ཟད། རང་སྐྱོང་ལྗོངས་ཀྱི“དྲ་སྦྲེལ+སྲིད་དོན་ཞབས་ཞུའི”ལས་སྟེགས་ལ་བརྟེན་ནས་ཕྱོགས་བསྡུས་སྐར་ཁུང་4ཡོད་པ་དང་གྲོང་ཁྱེར(ཆུས)རིམ་པ་གཉིས་ཀྱི་ཚན་པ་15བཀོད་སྒྲིག་བྱས་ནས་དོན་ཚན་ཁག་100སྒྲུབ་ཆོག་གི་ཡོད་པ་རེད།
གསར་འགོད་པས་ཤེས་རྟོགས་བྱུང་བ་ལྟར་ན། སྲིད་དོན་ཞབས་ཞུ་ལྟེ་གནས་ཀྱིས་ཆེད་མངགས་སྒྲུབ་རོགས་ཚབ་སྒྲུབ་ཀྱི་ཞབས་ཞུའི་སྐར་ཁུང་བཙུགས་པ་དེའི་ནང་དམངས་སྲིད་དང་། ཐེམ་ཐོ། སྤྱི་ཚོགས་འགན་བཅོལ་སོགས་ཀྱི་འགྲོ་ལུགས་མང་པོ་ཚུད་ཡོད་པ་དང་མང་ཚོགས་ལ་བརྒྱུད་རིམ་ཧྲིལ་པོའི་སྒྲུབ་རོགས་ཚབ་སྒྲུབ་ཀྱི་ཞབས་ཞུ་མཁོ་འདོན་བྱེད་ཀྱི་ཡོད་པ་རེད། གཞན་ཡང་ད་དུང་སྦྲག་སྲིད་ཀྱི་རྒྱལ་ཡོངས་དྲ་བ་ཡོངས་ཀྱི་རྩིས་ལེན་དང་སྐྱེལ་སྤྲོད་ཞབས་ཞུའི་ནུས་པ་སྤྱད་དེ་སྲིད་གཞུང་གིས་དངུལ་གཏོང་བ་བརྒྱུད་ཁེ་ལས་དང་མང་ཚོགས་ལ་རིན་མི་དགོས་པའི་ལག་ཁྱེར་བསྐུར་བའི་ལས་སྒོ་མཁོ་འདོན་བྱེད་ཀྱི་ཡོད་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། གྲོང་ཁྱེར་སྲིད་འཛིན་ཞིབ་མཆན་དང་དམངས་ཕན་ཞབས་ཞུ་ཅུས་བཙུགས་ཚུན། སྐར་ཁུང་ཞབས་ཞུའི་སྤུས་ཚད་སྔར་བས་མཐོ་རུ་གཏོང་ཆེད། ཅུས་ཏང་ཙུའུ་ཡིས་ལས་བྱེད་པ་21སྲིད་དོན་ཚོམས་ཆེན་དུ་བཅའ་སྡོད་བྱས་པའི་ལས་རིགས་སྡེ་ཚན་21གི་ལས་སྒྲུབ་སྐར་ཁུང་52ལ་འགན་ལེན་བྱ་རྒྱུའི་ཐག་བཅད་པ་དང་འབྲེལ། སྐར་ཁུང་འགན་ལེན་གྱི་འགན་འཁྲིའི་ཡི་གེར་མིང་རྟགས་ཀྱང་བཀོད་པ་རེད།
ཉེ་བའི་ལོ་ཤས་རིང་། ཆབ་མདོ་གྲོང་ཁྱེར་སྲིད་དོན་ཞབས་ཞུ་ལྟེ་གནས་ཀྱིས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་བརྟན་པོ་བཙུགས་ཏེ་ཞབས་ཞུའི་བྱེད་པོའི་ཐོབ་ཚོར་དང་བློ་ཡིད་ཚིམ་ཚད་མཐོ་རུ་གཏོང་རྒྱུ་དེ་གཞི་རྩའི་དམིགས་ཚད་དུ་བཟུང་ནས་དྲང་བདེན་གསར་གཏོད་མཐའ་འཁྱོངས་ཀྱིས་བྱ་ཐབས་སྣ་ཚོགས་སྤྱད་ནས་སྲིད་དོན་ཞབས་ཞུ་རྒྱུན་མཐུད་ལེགས་སུ་བཏང་སྟེ12345ཡི་དམངས་ཕན་ཐད་སྦྲེལ་ཁ་པར་ལས་དོན་གྱི་ཕྱོགས་སྟོན་བཟོས་པ་རེད། འདི་ལོ་ཚུན་དུ་དོན་ཚན་57400ལྷག་ཙམ་བསྒྲུབས་པའི་ནང་ནས་ཁག་19289དྲ་ཐོག་ཏུ་བསྒྲུབས་ཡོད།
(ཚེ་རིང་བསམ་གྲུབ་ཀྱིས་བསྒྱུར)