国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2024年10月22日

ཁྱད་ལྡན་ཐོན་ལས་འཕེལ་རྒྱས་བཏང་། གྲོང་གསེབ་དར་རྒྱས་ཡོང་བར་འབད།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ10པའི་ཚེས14ཉིན། “ལམ་ནས་བོད་ལྗོངས་ལྟ། ཀྲུང་དབྱང་སྨྱན་སྦྱོར‘ལམ་གཉིས’སུ་བསྐྱོད”ཅེས་པའི་དྲ་རྒྱའི་བརྗོད་དོན་གཙོ་བོའི་བྱེད་སྒོར་ཞུགས་པའི་གསར་འགོད་པ་རྣམས་ཆབ་མདོ་གྲོང་ཁྱེར་གྱི་མཛོ་སྒང་རྫོང་ཝ་མདའ་གྲོང་རྡལ་སྤུན་ཟླ་གྲོང་ཚོར་བསྐྱོད་ཅིང་། ཨ་མ་ཚེ་གཡང་དཔལ་འཛོམས་ཀྱི་ཁྱིམ་དུ་འབྱོར་མ་ཐག་སེམས་རྩ་འཁོལ་བའི་ཨ་མས་རང་གིས་བཟོས་པའི་ཕྱུར་བ་དང་ཤིང་ཏོག་སྐམ་པོ་སོགས་ང་ཚོའི་མདུན་དུ་དྲངས་ཏེ་བྲོ་བ་མྱོང་དུ་བཅུག ལབ་གླེང་གི་བར་སྐབས་སུ་ཨ་མ་ཚོམས་ཆེན་དཀྱིལ་གྱི་མེ་ཐབ་ནང་དུ་འབུད་ཤིང་འཇོག་དུ་སོང་། སྐབས་དེར་མོའི་ལག་གི“རྡོ་སོལ་གོར་མིག་ཅན”ལ་གསར་འགོད་པས་དོ་སྣང་བྱུང་།“ལྕི་བ་གོར་མིག་ཅན་འདི་ནི་ང་ཚོའི་གྲོང་ཚོའི་མཉམ་ལས་ཁང་གི་ཐོན་རྫས་ཤིག་ཡིན”ཞེས་སྤུན་ཟླ་གྲོང་ཚོའི་གྲོང་གསེབ་དར་རྒྱས་ཀྱི་ཆེད་བསྐོས་པ་ཀུན་བཟང་གཡང་འཛོམས་ཀྱིས་ངོ་སྤྲོད་བྱས་པ་དང་། ཁོང་གིས“ལྕི་བ་ཐད་ཀར་འབུད་པ་དང་བསྡུར་ཚེ་ལྕི་བ་གོར་མིག་ཅན་ཀྱི་འབར་ཡུན་དེ་བས་རིང་། ལྕི་བ་གོར་མིག་ཅན་ཡོད་པས་ང་ཚོས་ཤིང་སྡོང་གཅོད་ཚད་ཉུང་དུ་ཕྱིན་ནས་སྔོ་ཁེབས་སྲུང་སྐྱོང་བྱེད་ཚད་དེ་བས་ལེགས་སུ་བྱུང་ཡོད”ཅེས་བཤད།

སྤུན་ཟླ་གྲོང་ཚོ་ནི་མཛོ་སྒང་རྫོང་གི་བྱང་རྒྱུད་དུ་གནས་ཤིང་། གྲོང་ཚོའི་སྤྱིའི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ163ཡོད་པ་དང་། སྤྱིའི་རྨོ་ཞིང་ལ་རྒྱ་ཁྱོན་མུའུ976.74དང་། དུད་ཚང151ལ་མི736བཅས་ཡོད་ཅིང་། གྲོང་ཚོ་ཨུ་ལྷན་ཡོད་སའི་ས་བབ་མཐོ་ཚད་ལ་སྨི3800ཡོད།

ཉེ་བའི་ལོ་ཤས་རིང་། སྤུན་ཟླ་གྲོང་ཚོས་གྲོང་གསེབ་དར་རྒྱས་ཀྱི་འཕེལ་རྒྱས་གོ་སྐབས་དམ་འཛིན་བྱས་ནས། མཛོ་སྒང་རྫོང་གི་གྲོང་གསེབ་དར་རྒྱས་དཔེ་སྟོན་ས་ཚིགས་ལག་བསྟར་བྱེད་པའི་གྲོང་ཚོ་དང་པོ་གྱུར། གྲོང་གསེབ་དར་རྒྱས་དཔེ་སྟོན་ས་ཚིགས་ཀྱི་རྣམ་གྲངས་དེ2022ལོའི་ཟླ7པའི་ཚེས5ཉིན་ནས་བཟུང་ལག་བསྟར་བྱས་ཤིང་། དེ་ལ་ཁྱོན་མ་དངུལ་སྒོར་ཁྲི3313བཏང་། རྣམ་གྲངས་གཙོ་བོ་ནི་ཨར་འདམ་ལས་བཟོ། མཛེས་བཟོ། དཀར་བཟོ་དང་ཆུ་འབུད། གྲོང་གསེབ་ཀྱི་ཐོན་ལས་སོགས་འདུ།

དེའི་ནང་ཁྱད་ལྡན་ཐོན་ལས་རྒྱུན་མཐུད་ངང་འཕེལ་རྒྱས་དང་སྟོབས་ཆེར་གཏོང་ཆེད། སྤུན་ཟླ་གྲོང་ཚོས་ཞིང་འབྲོག་པའི་མཉམ་ལས་ཁང་བཙུགས་ཤིང་། དེའི་ནང་དུ་འབྲི་གཡག་རྒྱགས་གསོའི་རྟེན་གཞི་དང་ལྕི་བ་གོར་མིག་ཅན་བཟོ་བའི་ཐོན་ལས་གཉིས་ཚུད། དེས“ཏང་ཀྲི་པུའུ་དང་། མཉམ་ལས་ཁང་། ཞིང་དུད”བཅས་ཟུང་དུ་འབྲེལ་བའི་ངང་གཉེར་སྐྱོང་བྱེད་ཀྱི་ཡོད། 2023ལོར། འབྲི་གཡག་རྒྱགས་གསོ་རྟེན་གཞིར་ལག་ཡོད་མགོ་གྲངས157ཡོད་པ་དང་། འབྲི་གཡག་མགོ་གྲངས37བཤས་བཏང་བར་འབབ་འཕར་སྒོར་ཁྲི38བྱུང་བ་དང་། དུད་ཚང་རེར་ཆ་སྙོམས་ཁེ་སྤོགས་སྒོར6250ཡོད། 2024ལོར་སྔོན་དཔག་བྱས་པ་ལྟར་ན་མགོ་གྲངས60ལྷག་ཙམ་བཤས་བཏང་ནས་དུད་ཚང་རེར་ཆ་སྙོམས་འབབ་འཕར་སྒོར10000ལྷག་ཙམ་ཡོང་རྒྱུ་རེད། 2023ལོར་སྤུན་ཟླ་གྲོང་ཚོ་ཡིས་ལྕི་བ་གོར་མིག་ཅན16500བཙོངས་པ་དང་། ཡོང་འབབ་སྒོར12000ལྷག་ཙམ་བྱུང་། མར་རྒྱ་མ280བཙོངས་པ་དང་། ཡོང་འབབ་སྒོར20000ལྷག་ཙམ་བྱུང་ཡོད།

སྤུན་ཟླ་གྲོང་ཚོ་ཡིས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་བཏང་བ་དེས་གྲོང་མིར་ལས་ཞུགས་ཀྱི་གོ་སྐབས་དང་འབབ་འཕར་ཡོང་ཁུངས་དེ་བས་མང་བ་བྱུང་བ་མ་ཟད། མང་ཚོགས་ཚོ་ཡིས་གྲོང་གསེབ་དར་རྒྱས་ཀྱི་ལས་དོན་སྤེལ་བའི་དོན་སྙིང་གལ་ཆེན་ཚོར་ཐུབ་པ་བྱུང་ཡོད། ཀུན་བཟང་གཡང་འཛོམས་ཀྱིས། གོམ་སྟབས་རྗེས་མར་གྲོང་ཚོས་ད་དུང་དྲོད་ཁང་སྔོ་ཚལ་གྱི་ཐོན་ལས་འཕེལ་རྒྱས་གཏོང་རྩིས་ཡོད་ཅིང་། སྤུན་ཟླ་གྲོང་ཚོས་གྲོང་གསེབ་དར་རྒྱས་ཀྱི་ལས་དོན་ལ་རྒྱུན་མཐུད་སྐུལ་འདེད་བཏང་ནས། ཞིང་འབྲོག་མང་ཚོགས་དེ་བས་མང་བས་གྲོང་གསེབ་དར་རྒྱས་ལས་བྱུང་བའི་ཐོབ་སྣང་དང་། སྐྱིད་སྣང་། བདེ་སྣང་བཅས་ཚོར་ཐུབ་པ་དང་། གྲོང་ཚོ་དེ་བས་མཛེས་སྡུག་ལྡན་པར་འགྱུར་རྒྱུའི་རེ་བ་ཡོད་ཅེས་ངོ་སྤྲོད་བྱས་ཡོད།