国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2024年10月22日

ཀྲོང་ཅིན་སུང་གིས་ཀྲུའུ་ཧྲེན་ལིས་དང་ བཅས་པར་བཞུགས་མོལ་གནང་བ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ།ཟླ10ཚེས18ཉིན་གྱི་ཕྱི་དྲོ། གྲོང་ཨུད་ཀྱི་ཧྲུའུ་ཅི་ཀྲོང་ཅིན་སུང་གིས་དཔའ་ཤོད་རྫོང་དུ་ཨན་ཧུའེ་དུང་དཀར་ཚོགས་པ་འགན་འཁྲི་ཚད་ཡོད་ཀུང་སིའི་ཏང་ཨུད་ཧྲུའུ་ཅི་གཞོན་པ་སྤྱི་ཁྱབ་ཅིང་ལི་ཀྲུའུ་ཧྲེན་ལིས་དང་བཞུགས་མོལ་གནང་ནས་ཕྱོགས་གཉིས་ཀྱི་མཉམ་ལས་ཆེ་རུ་གཏོང་རྒྱུའི་ཐད་སྤེལ་རེས་གཏིང་ཟབ་བྱས་ཡོད།

ཀྲོང་ཅིན་སུང་གིས་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་ཚབ་ཞུས་ནས་ཀྲུའུ་ཧྲེན་ལིས་དང་བཅས་པ་དཔའ་ཤོད་རྫོང་དུ་རྟོག་ཞིབ་དང་བརྟག་ཞིབ་གནང་བར་ཕེབས་པར་དགའ་བསུ་ཞུས་པ་དང་། ཨན་ཧུའེ་དུང་དཀར་ཚོགས་པ་ཚད་ཡོད་འགན་འཁྲི་ཀུང་སིས་ཐོག་མཐའ་བར་གསུམ་དུ་ཆབ་མདོ་གྲོང་ཁྱེར་དང་ལྷག་པར་དུ་དཔའ་ཤོད་རྫོང་གི་ལས་དོན་ལ་ཐུགས་ཁུར་དང་རྒྱབ་སྐྱོར་བྱས་པར་ཐུགས་རྗེ་ཆེ་ཞུས་པ་རེད། ཁོང་གིས་དཔའ་ཤོད་དུང་དཀར་ཨར་འདམ་ཚད་ཡོད་ཀུང་སི་ནི་དུང་དཀར་ཚོགས་པས་བོད་དུ་མ་འཇོག་བྱས་པའི་རྣམ་གྲངས་དང་པོ་དེ་ཡིན། 2018ལོར་བཅའ་སྡོད་བྱས་ཚུན་དུ་དཔའ་ཤོད་དུང་དཀར་གྱིས་ཐོན་ལས་བོད་སྐྱོར་གྱི་འབོད་སྐུལ་དང་དུ་བླངས་ནས་ཐོག་མཐའ་བར་གསུམ་དུ་གཏེར་རི་ཞིག་སྐྲུན་པ་དང་། ཕྱོགས་གཅིག་གི་དཔལ་འབྱོར་ལ་སྐུལ་ཁྲིད་བྱེད་པ། ཕྱོགས་གཅིག་གི་མི་སེར་ལ་ཕན་པ་འདོགས་པ་བཅས་མཐའ་འཁྱོངས་བྱས་པས་དུས་རིམ་ཁག་གི་ཐོན་སྐྱེད་གཉེར་སྐྱོང་ལས་འགན་ལེགས་སྒྲུབ་བྱུང་བ་དང་། ས་གནས་ཀྱི་ལས་ཞུགས་ཐག་གཅོད་བྱས་པ། སྐྱེལ་འདྲེན་དང་། བཟའ་བཏུང་། ཞབས་ཞུ་སོགས་ཀྱི་ལས་རིགས་འཕེལ་རྒྱས་ལ་སྐུལ་འཁྲིད་ཐུབ་ནས་གྲོང་གསེབ་དར་རྒྱས་དང་མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་བཏང་བ་དང་། གཞུང་ཁོངས་ཁེ་ལས་ཀྱི་འགན་འཁྲི་འཁུར་སེམས་མངོན་པར་བྱས་ཡོད་ཅེས་གསུངས།

ཀྲོང་ཅིན་སུང་གིས་མིག་སྔར། ཆབ་མདོས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་།“དོན་ཆེན་བཞིར”དམིགས་པ་དང་།“འཛུགས་གཏོད་བཞིར”དམ་པོར་དམིགས་པ། ཚུགས་གནས་དེ་བས་མཐོ་བ་དང་། བྱ་ཐབས་དེ་བས་ཏན་ཏིག ནུས་ཤུགས་དེ་བས་ཆེ་བ། སྤྱོད་ཚུལ་དེ་བས་ལེགས་པ་བཅས་ཀྱི་ཐོག་ནས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་དོན་བླང་བྱ་ཆབ་མདོར་དོན་འཁྱོལ་ཡོང་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། ད་ལོའི་དཔྱད་ཞིབ་དམིགས་ཚད་ཁག་ཕུན་སུམ་ཚོགས་པོའི་ངང་ལེགས་སྒྲུབ་དང་སྔོན་ཐོན་བརྩོན་ལེན་བྱེད་བཞིན་ཡོད། དུང་དཀར་ཚོགས་པ་ནི་རྒྱལ་ཡོངས་དང་ཐ་ན་གོ་ལ་ཧྲིལ་བོའི་་ཨར་འདམ་ལས་རིགས་ཁྱབ་ཁོངས་ཀྱི་སྣེ་ཁྲིད་ཁེ་ལས་ཤིག་ཡིན་ལ། དཔའ་ཤོད་དུང་དཀར་ཚོགས་པ་ནི་ངེད་གྲོང་ཁྱེར་གྱི་ཨར་འདམ་ལས་རིགས་ཀྱི་སྣེ་འདྲེན་ཁེ་ལས་ཅིག་དེ་བས་ཡིན་པས་ལས་ཞུགས་མི་གྲངས་མང་ཞིང་། ཡོང་འབབ་བརྟན་པོའི་ངང་འཕར་སྣོན་དང་། ལས་ཞུགས་འགན་ལེན། དམངས་འཚོར་ཕན་འདོགས་པ་བཅས་ཀྱི་ལྷུ་ཚིགས་གལ་ཆེན་ཞིག་ཡིན། དུང་དཀར་ཚོགས་པས་འཕེལ་རྒྱས་ཀྱི་གོ་སྐབས་དམ་འཛིན་དང་། མ་དངུལ་གཏོང་ཤུགས་ཆེ་རུ་གཏོང་བ། ཐོན་སྐྱེད་གཞི་ཁྱོན་ཆེ་རུ་གཏོང་བ། ཕན་འབྲས་ཆེ་རུ་གཏོང་བ། དགེ་མཚན་ལྡན་པའི་ཁེ་ལས་སྟོབས་ཆེར་གཏོང་བ་བཅས་བྱེད་དགོས། ཁེ་ལས་ཀྱི་བྱེད་པོའི་འགན་འཁྲི་དོན་འཁྱོལ་བྱེད་པ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ལྟ་ཞིབ་དང་བཅོས་སྒྲིག་ཡོ་བསྲང་གི་ཕན་འབྲས་སྲ་བརྟན་དུ་གཏོང་བ་བཅས་བྱས་ཏེ། རྒྱལ་ཁབ་ཀྱི་ཚད་ལྡན་ལྟར་ཐོན་སྐྱེད་གཉེར་སྐྱོང་བྱེད་པ་དང་། ལྗང་མདོག་གཏེར་རི་འཛུགས་སྐྲུན་དང་། སྤྱི་ཚོགས་ཀྱི་འགན་འཁྲི་སྒྲུབ་པའི་ཐད་ཀྱི་སྔོན་ཐོན་དཔེ་མཚོན་དང་ལས་རིགས་ཀྱི་དཔེ་སྟོན་བསྐྲུན་དགོས། ཚན་རྩལ་གསར་གཏོད་ཀྱིས་ཐོན་ལས་གསར་གཏོད་ལ་ཁྲིད་སྟོན་བྱེད་པ། དཔའ་ཤོད་ཀྱི་ནུས་རྒྱུ་གཙང་མ་དང་། གཡུ་ལུང་ཟངས་གཏེར་སོགས་ཐོན་ཁུངས་འཁོར་སྐྱོད་ཀྱི་བེད་སྤྱོད་བྱེད་ཐུབ་མིན་ལ་བསམ་བློ་གཏོང་བ། ལག་རྩལ་གསར་བཅོས་ལ་བརྟེན་ནས་ཐོན་ཁུངས་བེད་སྤྱོད་བྱེད་ཚད་མཐོ་རུ་གཏོང་བ་དང་ཁོར་ཡུག་སྦགས་བཙོག་ཉུང་དུ་གཏོང་བ་བཅས་བྱེད་དགོས། དོ་དམ་ཆུ་ཚད་མཐོ་རུ་གཏོང་བ་དང་། ཉེན་མེད་ཐོན་སྐྱེད་ཡག་པོ་བྱེད་པ། ཉེན་མེད་ཨར་ལས་དང་། ཉེན་མེད་ངང་རླངས་འཁོར་གཏོང་བ། མེ་བེད་སྤྱོད་དང་། གློག་བེད་སྤྱོད། སོལ་རླངས་བེད་སྤྱོད་སོགས་ཀྱི་དྲིལ་བསྒྲགས་སློབ་གསོར་ཤུགས་སྣོན་བརྒྱབ་སྟེ། ཉེན་ཁ་དང་གནོད་སྐྱོན་རྐྱེན་ངན་སྣ་ཚོགས་ཐོན་མ་ཐག་ནས་སེལ་དགོས་ཞེས་ནན་བཤད་གནང་ཡོད།

ཀྲུའུ་ཧྲེན་ལིས་ཀྱིས་ཆབ་མདོ་གྲོང་ཨུད་དང་། གྲོང་ཁྱེར་སྲིད་གཞུང་གིས་ཨན་ཧུའེ་དུང་དཀར་ཚོགས་པ་ཚད་ཡོད་ཀུང་སིར་རྒྱབ་སྐྱོར་དང་རོགས་རམ་གནང་བར་ཐུགས་རྗེ་ཆེ་ཞུས་པ་མ་ཟད། ཀུང་སིའི་ཐོན་སྐྱེད་གཉེར་སྐྱོང་གནས་ཚུལ་མདོར་བསྡུས་ཤིག་ཀྱང་ངོ་སྤྲོད་གནང་ཞིང་། ཁོང་གིས་ཀུང་སིས“ཐོན་ལས་བོད་སྐྱོར”གྱི་ལས་འགན་ལག་ལེན་བསྟར་ནས་བཟོ་ལས་ཀྱི“རང་རྟེན”ཕན་འབྲས་ཆེ་རུ་བཏང་སྟེ། ལྗང་མདོག་ཐཱན་ཉུང་གི་འཕེལ་རྒྱས་ལམ་བུའི་ཐོག་བསྐྱོད་དེ། ཆབ་མདོ་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་རྒྱུ་ཡིན་ཞེས་བཤད།

དགོང་མོར། ཀྲོང་ཅིན་སུང་དང་ཀྲུའུ་ཧྲེན་ལིས་ཀྱིས་དུང་དཀར་ཨར་འདམ་ཀུང་སིའི་ལས་བྱེད་ལས་བཟོ་ཚོ་དང་མཉམ་དུ་བོད་སྐྱོར་བརྗོད་དོན་བྱས་པའི་རོལ་དབྱངས་ཟློས་གར《མེ་ཏོག་བཞད་དུས། ཁྱེད་རང་ཕེབས་པར་སྒུག》ཅེས་པར་གཟིགས་པ་རེད།

གྲོང་ཨུད་ཀྱི་རྒྱུན་ཨུ་དྲུང་ཆེ་ཅཱ་ཤིན་ཡུས་ཞུགས་ཡོད།