国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2024年10月11日

ཀྲོང་ཅིན་སུང་གིས་ལི་ཁྲའོ་དབྱི་དང་བཞུགས་མོལ་གནང་བ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ10པའི་ཚེས8ཉིན། གྲོང་ཨུད་ཀྱི་ཧྲུའུ་ཅི་ཀྲོང་ཅིན་སུང་གིས་ཧྭ་ནེང་བོད་ལྗོངས་ཡར་ཀླུང་གཙང་པོའི་ཆུ་གློག་གསར་སྤེལ་མ་འཇོག་ཚད་ཡོད་ཀུང་སིའི་ཏང་ཨུད་ཧྲུའུ་ཅི་ལག་བསྟར་ལས་འཛིན་པ་ལི་ཁྲའོ་དབྱི་དང་བཞུགས་མོལ་གནང་ཡོད།

གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རྒྱུན་ལས་ཧྲེ་ཀྲང་གཞོན་པ་ཝུའེ་ཤིན་ཀུའེ་དང་། གྲོང་ཨུད་ཀྱི་རྒྱུན་ཨུ་དྲུང་ཆེ་ཅ་ཤིན་ཡུས་ཞུགས་ཡོད།

ཀྲོང་ཅིན་སུང་གིས་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གི་ཚབ་ཞུས་ནས་ལི་ཁྲའོ་དབྱི་ཆབ་མདོར་རྟོག་ཞིབ་གནང་བར་ཕེབས་པར་དགའ་བསུ་ཞུས་པ་དང་། ཧྭ་ནེང་ཡར་ཀླུང་གཙང་པོ་ཀུང་སིས་དུས་ཡུན་རིང་པོའི་ནང་ཆབ་མདོར་རྒྱབ་སྐྱོར་ཤུགས་ཆེན་གནང་བར་ཐུགས་རྗེ་ཆེ་ཞུས་པ་རེད། ཁོང་གིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བོད་ཀྱི་ལས་དོན་ལ་མཐོང་ཆེན་གནང་བ་དང་། བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས་བཅས“དོན་ཆེན་བཞི”ཡག་པོ་བསྒྲུབ་རྒྱུ་དེ་བོད་ཀྱི་ལས་དོན་གྱི་འཐབ་ཇུས་ལས་འགན་ཞིག་ཏུ་བརྩིས་ནས་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་དགོས་པའི་བླང་བྱ་བཏོན་པ་དེས་ང་ཚོའི་ལས་དོན་ཁག་ཡག་པོ་བསྒྲུབ་རྒྱུར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད། བློ་མཐུན་ཝང་ཅུན་ཀྲེང་གིས་ཚོགས་གཙོ་གནང་བའི་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས“དོན་ཆེན་བཞི”ཡག་པོ་བསྒྲུབ་རྒྱུར་དམིགས་ནས“འཛུགས་གཏོད་བཞི”དང“མདུན་གྲལ་དུ་སླེབས་པ་བཞིར”སྐུལ་འདེད་གཏོང་བའི་འཐབ་ཇུས་བཀོད་སྒྲིག་བཏོན་པ་དེ་ནི་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་དོན་འཁྱོལ་བྱེད་པའི་སྤྱིའི་དམ་འཛིན་བྱ་གཞི་ཞིག་རེད། གྲོང་ཨུད་ཀྱིས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་རང་སྐྱོང་ལྗོངས་ཀྱི་ལས་དོན་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་པ་དང་། སྤྱོད་ཚུལ་ལེགས་སུ་གཏོང་བ་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པ། སྤྱི་ཚོགས་ཁྱོན་ཡོངས་རྒྱུན་མཐུད་དང་བརྟན་པོའི་ངང་ལེགས་སུ་འགྲོ་རྒྱུར་སྐུལ་འདེད་ཏན་ཏིག་གཏོང་བ་བཅས་བྱས་ནས། དཔལ་འབྱོར་སྐྱོན་བྲལ་དང་མགྱོགས་མྱུར་ངང་འཕེལ་རྒྱས་འགྲོ་བ་དང་། སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་ཉིན་རེ་བཞིན་བརྟན་དུ་ཕྱིན་པ། མི་དམངས་ཀྱི་འཚོ་བའི་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་ཕྱིན་པ། བོད་ཤར་གྱི་ས་གཞི་ཆེ་མོར་མཛེས་སྡུག་ལྡན་ལ་བརྗིད་ཆགས་པ་དང་སྐྱེ་སྟོབས་ཀྱི་དཔལ་འབར་བའི་རྣམ་པ་གསར་པ་ཞིག་མངོན་ཐུབ་པ་བྱ་རྒྱུ་ཡིན་ཞེས་གསུངས།

ཀྲོང་ཅིན་སུང་གིས་ཧྭ་ནེང་ཡར་ཀླུང་གཙང་པོ་ཀུང་སིས་དུས་བཀག་ལྟར་ཧྭ་ནེང་འཇོ་མདའ་སོག་རི་འོད་གསོག་མཁོ་སྤྲོད་གློག་ཁང་བསྐྲུན་ནས་གོ་འཇོ་རླུང་གློག་རྣམ་གྲངས་ཀྱི་དུས་འགོའི་ལས་དོན་སྤེལ་བ་དང་། རྣམ་གྲངས་འཛུགས་སྐྲུན་ཁྲོད་ཞིང་འབྲོག་མང་ཚོགས་ལ་འབབ་འཕར་ཡོང་བའི་སྣེ་ཁྲིད་ཧུར་ཐག་བྱས་པ་དེ་ནི་ཆབ་མདོའི་ནུས་རྒྱུ་གཙང་མའི་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྟོབས་ཤུགས་གལ་ཆེན་ཞིག་རེད། ཧྭ་ནེང་ཡར་ཀླུང་གཙང་པོ་ཀུང་སིས་ཆབ་མདོའི་ཁྱད་ཆོས་ལྡན་པའི་ཐོན་ཁུངས་གསར་སྤེལ་དང་བེད་སྤྱོད་ནང་ཧུར་ཐག་ཞུགས་ནས་སྤུས་གསར་ཐོན་སྐྱེད་ནུས་ཤུགས་སྐྱེད་སྲིང་བྱེད་པའི་ཐད་མཉམ་ལས་ལ་སྔར་བས་ཤུགས་སྣོན་རྒྱག་པ་དང་། ནུས་རྒྱུ་གཙང་མའི་ཁྱབ་ཁོངས་སུ་ཚན་ཞིབ་རྣམ་གྲངས་མཉམ་སྐྲུན་དང་ཚན་རྩལ་གྲུབ་འབྲས་མཉམ་སྤྱོད་བྱེད་པ། ཆུ་དང་རླུང་གི་འོད་གསོག་ལ་ལྟ་ཞིབ་ཚད་ལེན་དང་ཚོད་ལྟ་ཐུན་མོང་ཐོག་བྱེད་པ། ཆབ་མདོའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་སློབ་ཆེན་ཐོན་པའི་སློབ་མའི་ལས་ཞུགས་གནད་དོན་ཐག་གཅོད་བྱེད་རོགས་བྱེད་པ། ནུས་རྒྱུ་གཙང་མའི་ཐོན་ལས་ཀྱི་མ་གནས་དམའ་རུ་དང་ཕན་འབྲས་ཆེ་རུ་གཏོང་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱ་རྒྱུའི་རེ་བ་ཡོད། ཆབ་མདོས་རང་འགུལ་ངང་སྔོན་ཚུད་ཞབས་ཞུ་དང་གནད་ཆེའི་རྒྱུ་རྐྱེན་འགན་ལེན་བྱེད་ཤུགས་ཆེ་རུ་བཏང་སྟེ་ཚོང་གཉེར་ཁོར་ཡུག་བཟང་པོ་ཤུགས་ཆེན་བཏོད་ནས་ཐུན་མོང་ཐོག་འཕེལ་རྒྱས་གཏོང་བའི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་ངེས་ཡིན་ཞེས་ནན་བཤད་གནང་ཡོད།

ལི་ཁྲའོ་དབྱི་ཡིས་ཆབ་མདོ་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་ཧྭ་ནེང་ཡར་ཀླུང་གཙང་པོ་ཀུང་སིས་ས་གནས་དེ་གའི་འཕེལ་རྒྱས་ལ་རྒྱབ་སྐྱོར་ཤུགས་ཆེན་དང་རོགས་རམ་གནང་བར་ཐུགས་རྗེ་ཆེ་ཞུས་པ་མ་ཟད། ཆབ་མདོ་གྲོང་ཁྱེར་དུ་གོམ་སྟབས་རྗེས་མར་ཁེ་ལས་འཕེལ་རྒྱས་བསམ་ཕྱོགས་ངོ་སྤྲོད་མདོར་བསྡུས་གནང་ཞིང་། ཁོང་གིས་ཆབ་མདོར་ཐུན་མོང་མ་ཡིན་པའི་ནུས་རྒྱུ་གཙང་མའི་འཕེལ་རྒྱས་ཀྱི་ལེགས་ཆ་ལྡན་ཡོད། ཧྭ་ནེང་ཡར་ཀླུང་གཙང་པོ་ཀུང་སིས་རང་སྐྱོང་ལྗོངས་ཀྱི་ནུས་རྒྱུ་གཙང་མའི“རྟེན་གཞི་གཅིག་དང་དཔེ་སྟོན་གཉིས”ཀྱི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་ལག་བསྟར་བྱ་རྒྱུར་དམིགས་ཏེ་རང་ངོས་ཀྱི་ཤེས་ལྡན་མི་སྣ་དང་ཚན་རྩལ་སོགས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱེད་པ་དང་། ཆབ་མདོར་མ་འཇོག་བྱེད་ཤུགས་ཆེ་རུ་གཏོང་བ། དཔལ་འབྱོར་གྱི་ཕན་འབྲས་དང་སྤྱི་ཚོགས་ཀྱི་ཕན་འབྲས་ལ་ལྟ་རྟོག་བྱེད་པ། རྣམ་གྲངས་གསར་སྤེལ་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལ་ལྟ་རྟོག་བྱེད་པ་བཅས་བྱས་ཏེ་ཆབ་མདོ་གྲོང་ཁྱེར་གྱི་ནུས་རྒྱུ་གཙང་མ་གསར་སྤེལ་དང་འཛུགས་སྐྲུན་ལ་ནུས་ཤུགས་ཡོད་རྒུས་ཞབས་འདེགས་ཞུས་ནས་ཕྱོགས་གཉིས་པོའི་གཉིས་ཁེ་གཉིས་ཕན་དང་མཉམ་ལས་གཉིས་ཕན་ལ་སྐུལ་འདེད་བཏང་སྟེ་ཆབ་མདོ་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཆེད་ལེགས་སྐྱེས་ཧུར་ཐག་འབུལ་རྒྱུ་ཡིན་ཞེས་གསུངས།