འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ་10ཚེས་8ཉིན་གྱི་ཕྱི་དྲོ། ཧྥུའུ་ཅན་དང་བོད་ཀྱི་སྲོལ་རྒྱུན་སྒྱུ་རྩལ་དང་དེང་རབས་བློ་གསར་མཉམ་འདྲེས་ཐུབ་པའི་གསར་དར་སྒྱུ་རྩལ་རྩ་འཛུགས་ཏེ།ཆབ་མདོ་གྲོང་ཁྱེར་ཐང་གའི་ཚོན་རྩི་རི་མོའི་སྒྱུ་རྩལ་མཐུན་ཚོགས་བོད་ཤར་རྒྱུད་དུ་དངོས་སུ་བཙུགས་པ་རེད། མཐུན་ཚོགས་བཙུགས་པ་དེའི་ཐོག་ནས་བོད་ཀྱི་སྲོལ་རྒྱུན་སྒྱུ་རྩལ་ཐང་ག་དང་ཧྥུའུ་ཅན་གྱི་ཚོན་རིས་འབྲི་རྩལ་མཉམ་འདྲེས་གཏིང་ཟབ་བྱུང་བ་མ་ཟད།ས་གནས་དེ་གའི་རིག་གནས་ཐོན་ལས་ཀྱི་འཕེལ་རྒྱས་ལ་གསོན་ཤུགས་གསར་པ་བསྣན་ནས་གྲོང་གསེབ་དར་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བའི་གོམ་སྟབས་བརྟན་པོ་ཞིག་ཀྱང་སྤོས་ཡོད་པ་མཚོན་ཡོད།
2018ལོར་ཧྥུའུ་ཅན་ཞིང་ཆེན་བོད་སྐྱོར་ལས་དོན་རུ་ཁག་གི“མཚམས་སྦྱོར་འབྲེལ་ཟམ”འོག ཆབ་མདོས་ས་གནས་དེ་གའི་ཕུལ་བྱུང་ལྷ་རིས་པ་རིན་ཆེན་རྣམ་རྒྱལ་ཧྥུའུ་ཅན་དུ་ཞིང་པའི་ཚོན་རིས་མཐོ་རིམ་ཟབ་སྦྱོང་འཛིན་གྲྭར་སློབ་སྦྱོང་བྱེད་པར་མངགས་པ་དང་། ས་གནས་གཉིས་ཀྱི་སྒྱུ་རྩལ་མཁས་ཅན་གྱིས་སྒྱུ་རྩལ་གྱི་རྣམ་པ་དེ་གཉིས་ཟུང་འབྲེལ་ཐོག་མར་བྱས་ནས་“ཐང་ག་དང་ཚོན་རིས་”གསར་རྩོམ་བྱས་པ་འདི་ནི་ལོ་ངོ་སྟོང་གི་ལོ་རྒྱུས་བརྒལ་བའི་མཚམས་སྒྲོལ་མཉམ་འདྲེས་ཤིག་ཡིན་ལ་ཧྥུའུ་ཅན་དང་ཆབ་མདོའི་མཛའ་གྲོགས་ཀྱི་མཚོན་ཚུལ་དངོས་ཤིག་ཀྱང་ཡིན།
ལོ་ཤས་རིང་ཧྥུའུ་ཅན་ཞིང་ཆེན་བོད་སྐྱོར་ལས་དོན་རུ་ཁག་ཁག་བརྒྱད་པ་དང་།དགུ་པ།བཅུ་པ་བཅས་ཀྱི་རྒྱབ་སྐྱོར་དང་རྒྱུན་འཁྱོངས་རོགས་རམ་འོག ཐང་གའི་ཚོན་རྩི་རི་མོ་དེ་ཆབ་མདོ་གྲོང་ཁྱེར་དུ་འཕེལ་རྒྱས་མྱུར་པོ་བྱུང་བ་དང་ཐང་གའི་ཚོན་རྩི་རི་མོའི་ཐོན་ལས་འཕེལ་རྒྱས་ལ་ཕན་འབྲས་རགས་ཙམ་ཐོན་ཡོད། མིག་སྔར། ཆབ་མདོ་གྲོང་ཁྱེར་དུ་ཐང་གའི་ཚོན་རིས་ལས་དོན་ཁང་4དང་ཐང་གའི་ཚོན་རིས་གསོ་སྦྱོང་རྟེན་གཞི་1བཙུགས་ནས་མི་གྲངས་100ལྷག་ཙམ་ལ་ལས་ཞུགས་ཐག་གཅོད་ཐོབ་པ་དང་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་ཁྲི་6ལྷག་ཙམ་ཟིན་ཡོད་པ་རེད། 2018ལོ་ནས་ད་བར་སྔ་རྗེས་སུ་གསོ་སྦྱོང་འཛིན་གྲྭ་དུས་ཐེངས་10ལྷག་ཙམ་གཉེར་ནས་ཐང་གའི་འབྲི་རྩལ་བྱང་ཆུབ་པའི་ཤེས་ལྡན་མི་སྣ་200ལྷག་ཙམ་གསོ་སྦྱོང་བྱས་པས་གསར་དར་སྒྱུ་རྩལ་གྱི་རྣམ་པ་དེ་ཆབ་མདོར་རྩ་བ་ཚུགས་ནས་རིག་གནས་ཐོན་ལས་ཀྱི་བཀྲག་མདངས་འཚེར་སར་གྱུར་པ་མ་ཟད། གྲོང་གསེབ་དར་རྒྱས་ཡོང་བར་ནང་གནས་ཀྱི་སྒུལ་ཤུགས་བསྣན་ནས“་གཞན་བརྟེན”ནས“རང་བརྟེན”བར་གྱི་འགྱུར་ལྡོག་རིམ་བཞིན་མངོན་འགྱུར་བྱུང་ཡོད།
ཐང་གའི་ཚོན་རྩི་རི་མོ་སྒྱུ་རྩལ་མཐུན་ཚོགས་དངོས་སུ་བཙུགས་པ་དེ་ནི་ཧྥུའུ་ཅན་རིག་གནས་བོད་སྐྱོར་གྱི་གྲུབ་འབྲས་གལ་ཆེན་ཞིག་ཡིན། བོད་སྐྱོར་བྱས་ནས་ལོ་30འཁོར་བའི་སྐབས་འདིར་མི་རིགས་ཁག་གི་རིག་གནས་སྤེལ་རེས་དང་མཉམ་འདྲེས་སྔར་བས་གཏིང་ཟབ་ཏུ་གཏོང་བ་ནས།ཧྥུའུ་ཅན་དང་ཆབ་མདོ་ས་གནས་གཉིས་ཀྱིས་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཕན་ཚུན་གདོང་ཐུག་དང་མཉམ་འདྲེས་ཡོང་རྒྱུར་སྐུལ་འདེད་གཏོང་བ། ཧྥུའུ་ཅན་དང་ཆབ་མདོ་ས་གནས་གཉིས་ཀྱི་སྲོལ་རྒྱུན་བཟོ་རྩལ་དར་རྒྱས་འགྲོ་རྒྱུར་ཐུན་མོང་ཐོག་སྐུལ་འདེད་བཏང་ནས། ཐང་གའི་ཚོན་རྩི་རི་མོ་ཁྱབ་ཁོངས་ཀྱི་ཤེས་ལྡན་མི་སྣ་གསོ་སྐྱོང་དང་།སྟོབས་ཤུགས་གཅིག་སྒྲིལ་བྱས་ཏེ་སྲོལ་རྒྱུན་རིག་གནས་ལ་གསོན་ཤུགས་གསར་པ་འཕེལ་བ་དང་།ཐང་གའི་ཚོན་རིས་སྒྱུ་རྩལ་མཐུན་ཚོགས་འཛུགས་རྒྱུར་དོན་སྙིང་གལ་ཆེན་ལྡན་ཡོད།
དེ་རྗེས་ཀྱི་འདེམས་བསྐོའི་ཁྲོད་ཐང་ག་དང་ཚོན་རིས་ཟུང་འབྲེལ་ཡག་པོ་བྱེད་མཁན་ཐོག་མ་རིན་ཆེན་རྣམ་རྒྱལ་འདེམས་ཤོག་ཆ་ཚང་ཐོབ་ནས་ཆབ་མདོ་གྲོང་ཁྱེར་ཐང་གའི་ཚོན་རྩི་རི་མོ་སྒྱུ་རྩལ་མཐུན་ཚོགས་ཀྱི་ཚོགས་གཙོ་དང་པོར་བདམས་པ་རེད།