འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ9པའི་ཚེས24ཉིན་གྱི་ཕྱི་དྲོ། ཆབ་མདོ་གྲོང་ཨུད་ཀྱི་ཧྲུའུ་ཅི་ཀྲོང་ཅིན་སུང་གིས་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་ཁུལ་ཨུད་ཀྱི་ཧྲུའུ་ཅི་ཚའེ་ཁྲེང་ཡུང་དང་བཞུགས་མོལ་གནང་ནས་ཕྱོགས་གཉིས་པོས་ས་ཁོངས་མཉམ་ལས་ལ་སྔར་བས་ཤུགས་སྣོན་རྒྱག་རྒྱུའི་ཐད་སྤེལ་རེས་གཏིང་ཟབ་བྱས་ཡོད། ཆབ་མདོ་གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཝང་ཡ་ཏུང་ཚོགས་འདུར་ཞུགས་ཡོད།
ཀྲོང་ཅིན་སུང་གིས་ཆབ་མདོ་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གི་ཚབ་ཞུས་ནས་ཚའེ་ཁྲེང་ཡུང་སོགས་ལ་སྤྲོ་སེམས་འཁོལ་བའི་དགའ་བསུ་ཞུས་པ་དང་ཡུལ་ཤུལ་ཁུལ་གྱིས་དུས་ཡུན་རིང་པོའི་ནང་ཆབ་མདོའི་ལས་དོན་ཁག་ལ་རྒྱབ་སྐྱོར་གནང་བར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་པ་རེད། ཁོང་གིས་ཆབ་མདོ་དང་ཡུལ་ཤུལ་དབར་ས་བབ་འདྲ་མཚུངས་དང་མི་དང་མིའི་དབར་བརྩེ་བ་ཆེ་བ།ཡུལ་སྲོལ་གོམས་གཤིས་འདྲ་མཚུངས་བཅས་ཡོད་པས་གནས་སྤོ་མི་ཐུབ་པའི་ཁྱིམ་མཚེས་བཟང་པོ་དང་གཅིག་སེམས་གཅིག་སྦྲེལ་གྱི་རོགས་ཟླ་བཟང་པོ་ཞིག་རེད།ཉེ་བའི་ལོ་ཤས་རིང་།ས་གནས་གཉིས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་བློ་བརྟན་འགྱུར་མེད་ངང་ལག་བསྟར་བྱས་ནས“ཁྱིམ་མཚེས་མཛའ་མཐུན་དང་།ཞི་མཐུན་མཉམ་གཏོད།སེམས་མཐུན་ཕྱོགས་མཐུན།ཕན་ཚུན་རོགས་རེས”བཅས་ཀྱི་མཐུན་སྦྱོར་རྩ་དོན་ལ་ཐོག་མཐའ་བར་གསུམ་དུ་བརྩི་སྲུང་ཞུས་ཏེ་ས་གནས་གཉིས་ཀྱི་མང་ཚོགས་ཀྱིས་དུས་རབས་ཀྱི་འགྲོ་འོང་དང་མཛའ་གྲོགས་མཉམ་གནས་བྱས་ནས་བརྟན་ལྷིང་སྲུང་སྐྱོང་དང་ཞི་མཐུན་ལ་སྐུལ་འདེད་གཏོང་བ་སོགས་མཉམ་གཏོད་མཉམ་བཅོས་ཀྱི་ལམ་སྲོལ་ཁག་དོན་འཁྱོལ་ཞིབ་ཚགས་བྱ་རྒྱུར་ཐུན་མོང་ཐོག་སྐུལ་འདེད་གཏོང་བ་དང་།
སྤྱི་ཚོགས་ཀྱི་སྤྱི་ཡོངས་ཞི་མཐུན་བརྟན་ལྷིང་ལ་སྲུང་སྐྱོང་དང་མཚོ་བོད་ས་མཐོའི་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་བསྐྲུན་ཆེད་ཐུན་མོང་ཐོག་ལེགས་སྐྱེས་ཧུར་ཐག་ཕུལ་ཡོད། ས་གནས་གཉིས་ཀྱིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ཐུན་མོང་ཐོག་ལག་བསྟར་དོན་འཁྱོལ་ཡག་པོ་བྱེད་པ་དང་། ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་བྱེད་པའི་དུས་རབས་ཀྱི་བླང་བྱ་ཁོང་དུ་བརྟན་པོ་ཆུད་པ། “ཁྱིམ་ཚང་གཅིག་ལྟར་བརྩེ་བའི”བརྩེ་སེམས་ཟམ་མི་ཆད་པར་ཟབ་ཏུ་གཏོང་བ། “མིག་མངས་འགྲིག་སྐོར་གཅིག”གི་བཀོད་པ་མཐའ་འཁྱོངས་བྱེད་པ། “སྟོབས་ཤུགས་གཅིག་ཏུ་བསྒྲིལ་རྒྱུར”སྐུལ་འདེད་གཏོང་བ། མཉམ་སྐྲུན་མཉམ་བཅོས་མཉམ་སྤྱོད་བཅས་བྱས་ཏེ་ས་ཁོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་རྒྱུའི་རེ་བ་ཡོད་ཅེས་གསུངས།
ཚའེ་ཁྲེང་ཡུང་གིས་ཡུལ་ཤུལ་ཁུལ་ཨུད་དང་ཁུལ་སྲིད་གཞུང་གི་ཚབ་ཞུས་ནས་ཆབ་མདོ་གྲོང་ཁྱེར་གྱིས་དུས་ཡུན་རིང་པོའི་ནང་ཡུལ་ཤུལ་གྱི་ལས་དོན་ལ་རྒྱབ་སྐྱོར་ཤུགས་ཆེན་གནང་བར་ཐུགས་རྗེ་ཆེ་ཞུས་པ་རེད། ཁོང་གིས་ཉེ་བའི་ལོ་ཤས་རིང་ཆབ་མདོ་གྲོང་ཁྱེར་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་ཀྱིས“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་བླངས་ཏེ“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ནས་གྲོང་ཁྱེར་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་ཀྱིས་ཕྱོགས་གཅིག་ནས་འཕེལ་རྒྱས་ལ་དམ་འཛིན་དང་ཕྱོགས་གཞན་ཞིག་ནས་བརྟན་ལྷིང་ལ་དམ་འཛིན་བྱས་ཏེ་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་གཏོང་བ། སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོང་བྱེད་པ། སྤྱི་ཚོགས་བཅོས་སྐྱོང་ལ་ཤུགས་སྣོན་རྒྱག་པ་སོགས་ཀྱི་ཐད་ཉམས་མྱོང་བཟང་པོ་དང་བྱེད་སྟངས་བཟང་པོ་མང་པོ་བཏོད་པས་ཡུལ་ཤུལ་གྱིས་སློབ་སྦྱོང་དང་དཔྱད་གཞིར་འཛིན་འོས་པ་ཞིག་རེད། ཆབ་མདོ་དང་ཡུལ་ཤུལ་དབར་འགྲོ་འོང་དམ་ཟབ་ཡོད་པས་ཕྱོགས་གཉིས་པོས་གཉིས་ཁེ་གཉིས་ཕན་དང་མི་དམངས་ལ་བདེ་སྐྱིད་བསྐྲུན་རྒྱུ་དམིགས་ཚད་དུ་བཟུང་སྟེ་ཆ་འཕྲིན་སྤེལ་རེས་དང་ལས་དོན་མཉམ་འགུལ་ལ་སྔར་བས་ཤུགས་སྣོན་རྒྱག་པ་དང་། སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་དང་། དཔལ་འབྱོར་མཐུན་སྦྱོར་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ། ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་། མི་རིགས་མཐུན་སྒྲིལ་སྲ་བརྟན་དང་འཕེལ་རྒྱས་གཏོང་བ་སོགས་ཀྱི་ཐད་ཕྱོགས་ཡོངས་ནས་མཉམ་ལས་བྱས་ཏེ་ས་གནས་གཉིས་པོའི་མང་ཚོགས་ཀྱི་བདེ་སྐྱིད་སྟོན་གྲངས་རྒྱུན་ཆད་མེད་པར་ཆེ་རུ་བཏང་ནས་ས་གནས་གཉིས་པོའི་བྱ་གཞག་ཁག་དར་རྒྱས་གོང་འཕེལ་ཡོང་ཆེད་ལེགས་སྐྱེས་གསར་པ་འབུལ་རྒྱུའི་རེ་བ་ཡོད་ཅེས་གསུངས།
ཆབ་མདོ་གྲོང་ཨུད་ཀྱི་རྒྱུན་ཨུ་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་ཀྲང་ཝུན་ཧྲེང་དང་། གྲོང་ཨུད་ཀྱི་རྒྱུན་ཨུ་དྲུང་ཆེ་ཅ་ཤིན་ཡུས། ཧྲེ་ཀྲང་གཞོན་པ་སྒྲོལ་དཀར། ཡུལ་ཤུལ་ཁུལ་གྱི་ཁུལ་དཔོན་གཞོན་པ་ཀའོ་ཧུའུ་ཁྲོན་དང་། ཁུལ་དཔོན་གཞོན་པ་སྤྱི་བདེ་ཅུད་ཀྱི་ཅུད་ཀྲང་ཝང་ཡུང་ཀྲེན། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཚེ་རིང་རྡོ་རྗེ་བཅས་ཞུགས་ཡོད།