འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། གོ་འཇོ་རྫོང་སྡེ་སྨད་གྲོང་ཚོའི་རྩྭ་རར་སྐྱོད་སྐབས། མིག་ལམ་དུ་ཤར་བ་ནི་ཤ་ཤེད་རྒྱས་པའི་ནོར་གནག་ཁྱུ་ཚོགས་རྩྭ་ཐང་དུ་རྩྭ་ཆུ་གང་འདོད་ལ་རོལ་བཞིན་ཡོད། གྲོང་ཚོའི་ཞིང་འབྲོག་མང་ཚོགས་དགའ་དགའ་སྤྲོ་སྤྲོའི་ངང་བང་བསྒྲིགས་ནས་སྒུག་ནས་བསྡད་ཡོད་པ་དང་།འཁྲིས་སུ་ཡོད་པའི་གྲོང་སྡོད་ལས་དོན་རུ་མིས་གོ་རིམ་ལྡན་པའི་ངང་མང་ཚོགས་ལ་བཞོན་མ་སྤྲོད་བཞིན་ཡོད་པ་རེད།
“དེ་རིང་ངའི་ཁྱིམ་ལ་བཞོན་མ་མགོ་གྲངས་5རག་བྱུང་བས། ཁྱིམ་དུ་ལོག་རྗེས་ངས་གསོ་ཚགས་ཡག་པོ་བྱས་ནས་ཁྱིམ་ལ་ཡོང་འབབ་འཕར་སྣོན་ཡོང་བ་བྱ་རྒྱུ་ཡིན”ཞེས་སྡེ་སྨད་གྲོང་ཚོའི་མང་ཚོགས་ཚེ་རིང་གིས་དགའ་ཚོར་ཆེན་པོའི་ངང་བཤད།
ཐེན་ཅིན་གྲོང་ཁྱེར་གྱི་ཁ་གཏད་བོད་སྐྱོར་ལས་དོན་མདུན་ཕྱོགས་བཀོད་འདོམས་པུས་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྔར་བས་སྲ་བརྟན་དང་རྒྱ་ཆེར་བཏང་ནས་གྲོང་གསེབ་དར་རྒྱས་དང་འབྲེལ་མཐུད་ནུས་ལྡན་དང་མང་ཚོགས་ཀྱི་ཕྱུག་འགྱུར་ལམ་བུ་རྒྱུན་ཆད་མེད་པར་རྒྱ་སྐྱེད་དང་འཕེལ་རྒྱས་གཏོང་ཆེད། ཆབ་མདོ་གྲོང་ཁྱེར་འཕེལ་སྒྱུར་ཨུ་ལྷན་གྱི་གྲོང་་སྡོད་ལས་དོན་རུ་ཁག་དང་གྲོང་ཚོ་ཨུ་ལྷན་གཉིས་ཀྱིས་མཐུན་སྦྱོར་ཧུར་ཐག་བྱས་ནས་མང་ཚོགས་ཀྱི་བསམ་འཆར་བསྡུ་ལེན་གང་ལེགས་དང་བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་བྱས་པའི་རྨང་གཞིའི་ཐོག་ཞིང་འབྲོག་མང་ཚོགས་ལ་ཡོངས་ཁྱབ་ཏུ་གསོ་ཚགས་ལག་རྩལ་ལྡན་པའི་ཁྱད་ཆོས་དམ་འཛིན་དང་། གོ་འཇོ་རྫོང་གི་ཐོན་ལས་འཕེལ་རྒྱས་སྲིད་ཇུས་དང་ཟུང་འབྲེལ་གྱིས་གུད་གསབ་ལས་སྤྲོད་ཀྱི་བྱེད་ཐབས་སྤྱད་དེ་བཞོན་མ་གསོ་ཚགས་རྣམ་གྲངས་ལག་ལེན་བསྟར་ནས་གྲོང་ཚོ་དེའི་ཞིང་འབྲོག་མང་ཚོགས་ལ་འབབ་འཕར་ཕྱུག་འགྱུར་ཡོང་བར་སྣེ་ཁྲིད་བྱས་པ་རེད།
ལོ་གཉིས་རིང་ཐེན་ཅིན་གྲོང་ཁྱེར་གྱི་ཁ་གཏད་བོད་སྐྱོར་ལས་དོན་མདུན་ཕྱོགས་བཀོད་འདོམས་པུས་རིམ་རྩིས་བྱས་ན་བོད་སྐྱོར་མ་དངུལ་སྒོར་ཁྲི་140.25བཏང་ནས། བྱ་རི་གྲོང་ཚོ་དང་ལོ་མ་གྲོང་ཚོ། སྡེ་སྨད་གྲོང་ཚོ་བཅས་ལ་ཁྱོན་བཞོན་མ་མགོ་གྲངས་249དང་ཞིང་ཞོར་ཐོན་རྫས་ལས་སྣོན་སྒྲིག་ཆས་ཆ་ཚང་3ཉོས་ཡོད་པ་རེད། ཞིང་ཞོར་ཐོན་རྫས་ཐོན་སྐྱེད་བྱེད་པའི་བརྒྱུད་རིམ་ནང་ཞིང་འབྲོག་པས་འོ་མ་ཁྲོམ་རའི་རིན་གོང་ལྟར་མཉམ་ལས་ཁང་ལ་བཙོངས་པས་ཁྱིམ་ཚང་གི་སྒོ་འགྲམ་དུ་འབབ་འཕར་ཡོང་བའི་མྱུར་ལམ་ཞིག་བཏོད་ཡོད། “6:3:1”གི་ཁེ་སྤོགས་བསྡུར་ཚད་ལ་གཞིགས་ནས་བགོ་བཤའ་བརྒྱབ་པས་ཞིང་འབྲོག་མང་ཚོགས་ཀྱི་སྒོ་འགྲམ་དུ་ལས་ཞུགས་འབབ་འཕར་བྱུང་བ་མ་ཟད། དུད་ཚང་དབུལ་པོའི་ཚད་བརྒལ་འབབ་འཕར་གྱི་ཐབས་ལམ་ཡང་མངོན་འགྱུར་བྱུང་བ་རེད།
བདེ་སྨད་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་སངས་རྒྱས་རྒྱ་མཚོས་ངོ་སྤྲོད་བྱས་པར་གཞིགས་ན།“བཞོན་མ་གསོ་ཚགས་རྣམ་གྲངས་དེ་ང་ཚོ་བདེ་སྨད་གྲོང་ཚོའི་གནས་ཚུལ་དང་ཧ་ཅང་འཚམ་པོ་ཡོད། བཞོན་མ་གསོ་ཚགས་དང་འོ་མ་བཞོ་རྒྱུ་ནི་ཁྱིམ་ཚང་ཚང་མས་རྒྱུས་མངའ་ཡོད་པ་རེད། དེར་བརྟེན་ཚང་མའི་ཧུར་སེམས་ཧ་ཅང་ཆེན་པོ་ཡོད། ང་ཚོས་རྣམ་གྲངས་དེ་བརྒྱུད་གྲོང་མི་ཚོའི་འཚོ་བ་སྔར་བས་ལེགས་སུ་འགྲོ་རྒྱུའི་རེ་བ་བྱེད་ཀྱི་ཡོད”ཅེས་བཤད།
ཐེན་ཅིན་གྱི་བོད་སྐྱོར་ལས་བྱེད་པ་ཆབ་མདོ་གྲོང་ཁྱེར་འཕེལ་སྒྱུར་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་རེན་ཕུང་གིས་ཐེན་ཅིན་གྲོང་ཁྱེར་གྱི་ཁ་གཏད་བོད་སྐྱོར་ལས་དོན་མདུན་ཕྱོགས་བཀོད་འདོམས་པུས་སྔར་བཞིན་ཡུལ་བབ་དང་བསྟུན་ནས་གནད་སྨིན་རོགས་སྐྱོར་བྱེད་པ་དང་ཆབ་མདོ་གྲོང་ཁྱེར་གྱི་ཞིང་འབྲོག་ལས་འཕེལ་རྒྱས་ཀྱི་ཁྱད་ཆོས་དང་ཟུང་འབྲེལ་བྱས་ནས། མ་དངུལ་དང་རྣམ་གྲངས་ཀྱི་རྒྱབ་སྐྱོར་བྱེད་པ་དང་དུས་མཚུངས“གཞན་བརྟེན”ནས“རང་བརྟེན”དུ་བསྒྱུར་ནས་ས་གནས་དེ་གའི་ཞིང་འབྲོག་མང་ཚོགས་ལ་ཐོན་ཁུངས་ལུགས་མཐུན་ངང་གསར་སྤེལ་དང་། འཕེལ་རྒྱས་ཀྱི་ཁྱབ་ཁོངས་གསར་གཏོད། ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་རོགས་རམ་བྱས་ཏེ་ཞིང་འབྲོག་མང་ཚོགས་དེ་བས་མང་བར་ཕན་པ་ཐོབ་པ་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།