འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཚེས་24ཉིན་གྱི་ཕྱི་དྲོ། གྲོང་ཁྱེར་སྲིད་གཞུང་གིས་ཀྲུང་དབྱང་(ལྗོངས་)ཐད་གཏོགས་ཚན་པ་དང་བཞུགས་མོལ་གནང་བ་རེད། གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཧྲི་ཀྲང་ལའོ་ཆིན་འུའུ་ཚོགས་འདུར་ཞུགས་པ་མ་ཟད་གསུང་བཤད་ཀྱང་གནང་བ་རེད།
བཞུགས་མོལ་ཚོགས་འདུའི་ཐོག་གྲོང་ཁྱེར་ཁྲལ་དོན་ཅུད་དང་། མི་དམངས་དངུལ་ཁང་། གཞུང་ལམ་བྱ་གཞག་འཕེལ་རྒྱས་ལྟེ་གནས། སྦྲག་སྲིད་ཀུང་སི། འགན་བཅོལ་ཀུང་སི། རྡོ་སྣུམ་ཀུང་སི། ལྕགས་ལམ་ཀུང་སི་བཅས་ཀྱིས་སྲིད་གཞུང་གིས་རྒྱབ་སྐྱོར་བྱས་ནས་ཐག་གཅོད་བྱེད་དགོས་པའི་དོན་ཚན་དང་དེ་བཞིན་ས་གནས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གྲོས་འགོར་དམིགས་ནས་གཏམ་བཤད་སྤེལ་བ་རེད།
ལའོ་ཆིན་འུའུ་ཡིས་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གི་ཚབ་ཞུས་ནས་ཆབ་མདོར་བཅའ་སྡོད་ཀྲུང་དབྱང་(ལྗོངས)ཐད་གཏོགས་ཚན་པས་ཆབ་མདོར་རྒྱབ་སྐྱོར་དང་རོགས་རམ་བྱས་པར་ཐུགས་རྗེ་ཆེ་ཞུས་པ་རེད། ཁོང་གིས་ཀྲུང་དབྱང་(ལྗོངས)ཐད་གཏོགས་ཚན་པ་ཁག་གིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལས་འགན་ཁོང་དུ་བརྟན་པོ་ཆུད་པ་དང་། གྲོང་ཨུད་ཀྱི“22445”ཡི་སྤྱིའི་ལས་ཀའི་བསམ་ཕྱོགས་ལ་དམིགས་པ། ས་གནས་འཕེལ་རྒྱས་ལ་ཞབས་འདེགས་ཞུ་རྒྱུ་དེ་རང་གི་འགན་འཁྲིར་བརྩིས་པ། རང་ངོས་ཀྱི་ཐོན་ཁུངས་དང་སྲིད་ཇུས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱེད་པ། མཐོ་གནས་ནས་འཆར་འགོད་དང་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་ཆབ་མདོར་རྨང་གཞི་འཐུས་ཚང་དང་། རྣམ་གྲངས་ནང་འདྲེན། ཁོར་ཡུག་ལེགས་གཏོང་བཅས་བྱ་རྒྱུར་རོགས་རམ་བྱས་ནས་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་སྲུང་སྐྱོང་ནུས་ལྡན་དང་། དམངས་འཚོའི་བདེ་རྩ་ལེགས་གཏོང་ལ་སྐུལ་འདེད། འཕེལ་རྒྱས་ཀྱི་ཁྱོན་ཡོངས་ལ་ཞབས་ཞུ་བཅས་བྱས་ཏེ་ཆབ་མདོའི་ལྟེ་བའི་ཡན་ལག་གྲོང་ཁྱེར་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་བརྒྱུད་རིམ་ཁྲོད་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱས་ཡོད་ཅེས་གསུངས།
ལའོ་ཆིན་འུའུ་ཡིས་ཀྲུང་དབྱང་(ལྗོངས)ཐད་གཏོགས་ཚན་པ་ནི་ཆབ་མདོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྒུལ་ཤུགས་དང་རྐང་འཛིན་སྟོབས་ཤུགས་བཅས་ཡིན། ཀྲུང་དབྱང(ལྗོངས)ཐད་གཏོགས་ཚན་པ་ཁག་གིས་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་འགོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་པ་དང་།“དོན་ཆེན་བཞིར”དམིགས་པ་དང་“འཛུགས་གཏོད་བཞིར”དམ་པོར་དམིགས་པ། “ཆབ་མདོ་འདི་ཉིད་ལྟེ་བའི་ཡན་ལག་གྲོང་ཁྱེར་བསྐྲུན་པ་དང་། ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་པའི་བོད་ཤར་གྱི་ལྟེ་བའི་གྲོང་ཁྱེར་དང་ལྟེ་བའི་འཕར་སྣེར་བཏོད་པ། བོད་ལྗོངས་མཐའ་འཁོར་གྱི་དཔལ་འབྱོར་ཁུལ་དང་མཉམ་འདྲེས་བྱེད་པའི་འགག་གནད་གལ་ཆེན་དང་སྒོ་དབྱེའི་འགག་རྩ་གལ་ཆེན་ཞིག་ཏུ་བསྐྲུན་ཐུབ་པའི”འཕེལ་རྒྱས་ཀྱི་ངེས་གནས་ལྟར་ཆབ་མདོར་རྐང་པ་ཚུགས་པ་དང་། ཆབ་མདོར་རྩ་བ་ཚུགས་པ། ཆབ་མདོར་ཞབས་འདེགས་ཞུ་བ་བཅས་བྱས་ཏེ་ཆབ་མདོའི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་གཏོང་བ་དང་། ས་གནས་སྡེ་ཚན་དང་མཐུན་སྦྱོར་འབྲེལ་མཐུད་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་མཐུན་སྦྱོར་ལམ་སྲོལ་འཛུགས་པ་དང་། ལས་དོན་ཆེད་སྒྲུབ་ཚོགས་ཆུང་འཛུགས་པ། ལས་ཀའི་འགག་གནད་སྒྲོལ་བ། འཕེལ་རྒྱས་ཀྱི་དཀའ་གནད་སེལ་བ། དཀའ་ངལ་དངོས་སེལ་བ་བཅས་བྱེད་པ། ཆེད་ལས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ་སྟབས་བདེའི་དངུལ་རྩའི་ཞབས་ཞུ་དང་། ཁྲལ་བསྡུའི་གཟིགས་སྐྱོང་སྲིད་ཇུས་གནད་སྨིན་དོན་འཁྱོལ། འགན་བཅོལ་ཡིད་རྟོན་ལམ་སྲོལ་འཛུགས་པ། རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་གཞུང་ལམ་དང་མཛེས་ལྗོངས་ཁུལ་གྱི་འཕྲིན་གཏོང་ཆད་སྐྱོན་སེལ་བ། མཛོད་ཉར་ཟོག་འགྲེམས་དང་གློག་རྡུལ་ཚོང་དོན་ཞབས་ཞུའི་མ་ལག་འཐུས་ཚང་དུ་གཏོང་བ་སོགས་ཀྱི་ཐད་འབད་བརྩོན་ཧུར་ཐག་བྱས་ཏེ་དཔལ་འབྱོར་འཕེལ་རྒྱས་ཀྱི་ཕྱོགས་སྒྱུར་རིམ་སྤོར་དང་སྤུས་འབྲས་ལེགས་གཉེར་ལ་སྐུལ་འདེད་གཏོང་བའི་རེ་བ་ཡོད་ཅེས་གསུངས།