国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2024年09月27日

ཀྲོང་ཅིན་སུང་གིས་ཁ་རུབ་ཆུས་སུ་བརྟག་ཞིབ་གནང་སྐབས།

ཀྲོང་ཅིན་སུང་གིས་གྲོང་ཁྱེར་ལས་རིགས་ལག་རྩལ་སློབ་གྲྭ་རུ་སློབ་གསོ་སློབ་ཁྲིད་གནས་ཚུལ་ལ་ཤེས་རྟོགས་གནང་བཞིན་པ།

ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། གཟེར་འདེབས་སྙིང་སྟོབས་ལ་བརྟེན་ནས་སྒྱུར་བཅོས་ཀྱི་ལས་འགན་རེ་རེ་དོན་འཁྱོལ་ཡོང་བར་དམ་འཛིན་དང་། དམིགས་སར་འབྱོར་བར་དམ་འཛིན། ཕན་འབྲས་ཐོན་པར་དམ་འཛིན་བཅས་བྱེད་དགོས་པའི་ནན་བཤད་གནང་བ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ9ཚེས24ཉིན། གྲོང་ཨུད་ཀྱི་ཧྲུའུ་ཅི་ཀྲོང་ཅིན་སུང་ཆབ་མདོ་གྲོང་ཁྱེར་འཆར་འགོད་འགྲེམས་སྟོན་ཁང་དང་། གྲོང་ཁྱེར་རྟེན་མཛོད་ཁང་། སྤོམ་མདའ་སྲང་ལམ་ཡུག་ཁུལ། ཆབ་མདོ་གྲོང་ཁྱེར་ལས་རིགས་ལག་རྩལ་སློབ་གྲྭ་བཅས་སུ་ཕེབས་ཏེ། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སྒྲོག་འགྲེལ་གཏིང་ཟབ་བྱས་པའི་ཁར། མཁར་གྲོང་འཆར་འགོད་འཛུགས་སྐྲུན་དང་། ལོ་རྒྱུས་དང་རིག་གནས་རྒྱུད་འཛིན་དང་སྲུང་སྐྱོབ། གཞི་རིམ་སྤྱི་ཚོགས་བཅོས་སྐྱོང་། ལས་རིགས་སློབ་གསོ་འཕེལ་རྒྱས་སོགས་ཀྱི་ལས་དོན་སྤེལ་ཚུལ་ལ་བརྟག་ཞིབ་གནང་ཞིང་། ཁོང་གིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། གཟེར་འདེབས་སྙིང་སྟོབས་ལ་བརྟེན་ནས་སྒྱུར་བཅོས་ཀྱི་ལས་འགན་རེ་རེ་དོན་འཁྱོལ་ཡོང་བར་དམ་འཛིན་དང་། དམིགས་སར་འབྱོར་བར་དམ་འཛིན། ཕན་འབྲས་ཐོན་པར་དམ་འཛིན་བཅས་བྱེད་དགོས་པའི་ནན་བཤད་གནང་ཡོད།

གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཝང་ཡ་ཏུང་དང་། གྲོང་ཨུད་ཀྱི་རྒྱུན་ཨུ་དྲུང་ཆེ་ཅཱ་ཤིན་ཡུས། གྲོང་ཨུད་ཀྱི་རྒྱུན་ཨུ་ཁ་རུབ་ཆུས་ཨུད་ཀྱི་ཧྲུའུ་ཅི་ཏིན་ཝུན་ཁྲང་བཅས་བརྟག་ཞིབ་ནང་ཞུགས་ཡོད།ཆབ་མདོ་གྲོང་ཁྱེར་འཆར་འགོད་འགྲེམས་སྟོན་ཁང་ནི་འཆར་འགོད་དྲིལ་བསྒྲགས་འགྲེམས་སྟོན་དང་ཚན་རིག་ཁྱབ་གདལ་སློབ་གསོ། ཚོང་འགུགས་མ་འདྲེན་སོགས་ཀྱི་ནུས་པ་གཞི་གཅིག་ཏུ་འདུས་པའི་ཕྱོགས་བསྡུས་རང་བཞིན་གྱི་འཆར་འགོད་ཁང་ཞིག་ཡིན་ལ། ཆབ་མདོ་གྲོང་ཁྱེར་འཆར་འགོད་ཀྱི་གྲུབ་འབྲས་དང་གྲོང་ཁྱེར་འཕེལ་རྒྱས་ཀྱི་འཕོ་འགྱུར་གཅིག་སྡུད་ཐོག་མངོན་པར་བྱས་ཡོད། ཀྲོང་ཅིན་སུང་གིས་འགྲེམས་ཁང་ཁག་ལ་རེ་རེ་བཞིན་གཟིགས་སྐོར་བྱས་ཏེ་ཆབ་མདོ་གྲོང་ཁྱེར་གྱི་འཕེལ་རྒྱས་བརྒྱུད་རིམ་དང་གྲོང་ཁྱེར་འཆར་འགོད་ཀྱི་འཕེལ་རིམ། ད་ལྟའི་གནས་ཚུལ་སོགས་ཀྱི་གནས་ཚུལ་ཤེས་རྟོགས་ཞིབ་ཕྲ་གནང་ཞིང་། ཁོང་གིས “འཆར་འགོད་སྔོན་ལ་ལག་བསྟར་བྱེད་པའི”འདུ་ཤེས་བརྟན་པོ་འཛུགས་པ་དང་ཆབ་མདོའི་འབྱུང་འགྱུར་འཕེལ་རྒྱས་ཀྱི་མི་འབོར་ཐེག་ཚད་ཚན་རིག་དང་མཐུན་པའི་སྒོ་ནས་ཚད་ལེན་ཞིབ་རྩིས་རྒྱག་པ། ཁམས་པའི་རིག་གནས་ས་ཁོངས་ཀྱི་ཁྱད་ཆོས་དང་མི་རིགས་ཀྱི་ཁྱད་ཆོས། དུས་རབས་ཀྱི་ཉམས་འགྱུར་བཅས་གང་ལེགས་མཚོན་པ་བཅས་བྱས་ནས། ཆབ་མདོ་གྲོང་ཁྱེར་གྱི་འཁོར་སྐྱོད་བདེ་བླག་ཡོང་བ་དང་མི་དམངས་མང་ཚོགས་ཀྱིས་གྲོང་ཁྱེར་འཛུགས་སྐྲུན་ལ་བཅངས་པའི་རེ་སྒུག་གསར་པ་གང་ལེགས་བསྐངས་ཐུབ་པར་འགན་ལེན་བྱེད་དགོས་ཞེས་བསྟན།

ཆབ་མདོ་གྲོང་ཁྱེར་རྟེན་མཛོད་ཁང་དུ་རིག་དངོས10000ལྷག་ཉར་ཚགས་བྱས་པ་དེ་ནི་མིག་སྔར་བོད་དུ་བསྐྲུན་པའི་ས་ཁུལ་དང་གྲོང་ཁྱེར་རིམ་པའི་རྟེན་མཛོད་ཁང་ཆེ་ཤོས་དེ་རེད། ཀྲོང་ཅིན་སུང་སྔ་རྗེས་སུ་གཙང་གསུམ་ཤེས་དཔལ་དང་རྒྱལ་རབས་ཀྱི་རྗེས་ཤུལ། རི་མོའི་སྒྱུ་རྩལ་དང་མངོན་མིན་རིག་གནས་ཤུལ་བཞག་སོགས་ཀྱི་འགྲེམས་ཁང་དུ་ཕེབས་ཏེ་རིག་དངོས་ཉམས་གསོའི་ལག་རྩལ་དང་དོ་དམ་སྲུང་སྐྱོང་སོགས་ཀྱི་གནས་ཚུལ་ལ་འདྲི་རྩད་གནང་ཞིང་། ཁོང་གིས་ཆབ་མདོ་ནི་གནའ་སྔ་མོ་ནས་བཟུང་ཇ་རྟའི་གནའ་ལམ་གྱི་ལྟེ་བ་གལ་ཆེན་ཞིག་ཡིན་པས། རིག་དངོས་སྲུང་སྐྱོབ་བེད་སྤྱོད་དང་རིག་གནས་རྒྱུན་འཛིན་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ལས་དོན་ཡག་པོ་བསྒྲུབ་རྒྱུའི་ཐད་ལ་དོན་སྙིང་གལ་ཆེན་ལྡན་ཡོད། སྲུང་སྐྱོང་ཨང་དང་པོར་འཇོག་པ་སོགས་དུས་རབས་གསར་པའི་རིག་དངོས་ལས་དོན་གྱི་བྱེད་ཕྱོགས་མཐའ་འཁྱོངས་ཀྱིས་རིག་དངོས་དང་ལོ་རྒྱུས་དཔྱད་གཞིའི་ཁུངས་འཚོལ་ར་སྤྲོད་དང་ཞིབ་འཇུག་ལ་མཐོང་ཆེན་བྱས་ཏེ། རྟེན་མཛོད་ཁང་འཛུགས་སྐྲུན་ཏན་ཏིག་བྱེད་དགོས། ཇ་རྟའི་གནའ་ལམ་གྱི་ལོ་རྒྱུས་དོན་དངོས་སྔོག་འདོན་དང་མཐུན་སྦྱོར་གང་ལེགས་བྱེད་པ་དང་། ཇ་རྟའི་གནའ་ལམ་ཐོག་གི་མི་རིགས་མཐུན་སྒྲིལ་གྱི་གཏམ་རྒྱུད་ཡག་པོ་ཤོད་པ། རིག་དངོས་ལ་བརྟེན་ནས་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་མངོན་པ་དང་སྐུལ་འདེད་གཏོང་བ་བཅས་བྱས་ནས། རྟེན་མཛོད་ཁང་གི་ཡིད་དབང་འཕྲོག་ཤུགས་དང་མི་དམངས་མང་ཚོགས་ཀྱི་བློ་ཡིད་ཚིམ་ཚད་མཐོ་རུ་གཏོང་དགོས་ཞེས་གསུངས།

སྤོམ་མདའ་སྲང་ལམ་ཡུག་ཁུལ་དུ་ཀྲོང་ཅིན་སུང་གིས་སྤོམ་མདའ་སྲང་ལམ་ཡུག་ཁུལ་གྱི་འཆར་འགོད་གནས་ཚུལ་ལ་ལྟ་ཞིབ་བྱས་པ་རེད། ཁོང་གིས་སྤོམ་མདའ་སྲང་ལམ་ཡུག་ཁུལ་སྒྱུར་བཀོད་རིམ་སྤོར་བྱ་རྒྱུ་དེ་མི་དམངས་མང་ཚོགས་བདེ་སྡོད་ལས་བརྩོན་དང་གྲོང་ཁྱེར་གྱི་སྤུས་དག་འཕེལ་རྒྱས་དང་ཐད་ཀར་འབྲེལ་བ་ཡོད། རྩེ་རིམ་ཇུས་འགོད་དང་ཡུག་ཁུལ་གྱི་དོན་དངོས་ཟུང་འབྲེལ་བྱས་ནས་ཚན་རིག་དང་མཐུན་པའི་འཆར་འགོད་དང་། ལོ་རྒྱུས་ཀྱི་དྲན་ཤེས་དང་ཁྱད་ཆོས་སོར་གནས་བྱ་རྒྱུར་མཐོང་ཆེན། ཉེར་སྤྱོད་རང་བཞིན་དང་བྱེད་ལས་རང་བཞིན་མངོན་གསལ་དོད་པོ་ཡོང་བ་བཅས་བྱས་ཏེ། མི་དམངས་མང་ཚོགས་ལ་དངོས་དངོས་རྗེན་རྗེན་གྱི་ཕན་པ་ཐོབ་པར་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།

ཆབ་མདོ་གྲོང་ཁྱེར་ལས་རིགས་ལག་རྩལ་སློབ་གྲྭར་ཉིན་ཧྲིལ་པོའི་ལམ་ལུགས་ཀྱི་ཐེམ་ཐོ་ཡོད་པའི་སློབ་མ4334དང་། དགེ་རྒན་དང་ལས་བཟོ་པ་415ཡོད། སྒྱུ་རྩལ་དང་འཕྲུལ་གློག དཔལ་འབྱོར་ཚོང་དོན་སོགས་ཆེད་ལས་བཙུགས་ནས་གྲོང་ཁྱེར་ཡོངས་ལ་རྩལ་ནུས་ཤེས་ལྡན་པ་མང་པོ་གསོ་སྐྱོང་བྱས་ཡོད། ཀྲོང་ཅིན་སུང་སློབ་གྲྭ་དེ་གར་ཕེབས་ཏེ་སློབ་གྲྭའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་སློབ་གསོ་སློབ་ཁྲིད་བྱས་ཚུལ་ལ་གཟིགས་ཞིབ་གནང་བ་དང་། འགྲེམས་པང་བརྒྱུད་སློབ་གྲྭའི་གཞི་རྩའི་གནས་ཚུལ་དང་སློབ་གསོ་སློབ་ཁྲིད་སྒྱུར་བཅོས་ཀྱི་ཁྱད་ཆོས་སོགས་ལ་ཤེས་རྟོགས་ཞིབ་ཕྲ་གནང་ཡོད། ཁོང་གིས་སློབ་གྲྭའི་དགེ་རྒན་དང་ལས་བཟོ་ཚོར་ཀུན་སྤྱོད་ལ་བརྟེན་ནས་མི་སྣ་གསོ་སྐྱོང་དང་དཔེ་ཁྲིད་མི་སྐྱོང་བྱེད་པའི་ཐོག་མའི་བསམ་འདུན་དང་འགན་འཁྲི་བློ་ལ་བརྟན་པོར་ངེས་དགོས་ཞེས་སྐུལ་ལྕག་གནང་བ་རེད།