འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། གྲོང་སྡོད་ལས་དོན་རུ་ཁག་རེས་སྐོར་གསར་པ་བྱས་ཚུན། ཆབ་མདོ་གྲོང་ཁྱེར་དཔའ་ཤོད་རྫོང་གི་གྲོང་སྡོད་ལས་དོན་རུ་ཁག་ཁག་གིས་ཕྱིར་བསྐྱོད་དེ“ཉིན་བརྒྱའི་ནང་གྲོང་ཚོ་དང་དུད་ཚང་དུ་བསྐྱོད་པའི་བརྟག་ཞིབ་ཆེན་པོའི”ལས་དོན་ཏན་ཏིག་སྤེལ་ཏེ་དམངས་ཀྱི་གནས་ཚུལ་ཤེས་རྟོགས་བྱེད་པ་དང་། བློ་གཅིག་སེམས་གཅིག་གིས་དམངས་ཀྱི་འདོད་བློར་ཉན་པ། བྱ་སྤྱོད་དངོས་ལ་བརྟེན་ནས་དམངས་ལ་དྲོ་སྐྱིད་སྦྱིན་པ་བཅས་བྱས་ཏེ་མང་ཚོགས་དང་འབྲེལ་འདྲིས་ཀྱིས་མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ཐག་གཅོད་བྱས་ཡོད། མིག་སྔའི་བར། གྲོང་སྡོད་ལས་དོན་རུ་ཁག་ཁག་གིས་དུད་ཚང་8941ལ་བསྐྱོད་པ་དང་དུད་ཚང་དུ་བསྐྱོད་ཚད་100%ཟིན་ཡོད།
གྲོང་སྡོད་ལས་དོན་རུ་ཁག་ཁག་གིས་དྲིལ་བསྒྲགས་བྱེད་སྟངས་གསར་པ་བཏོད་དེ་མང་ཚོགས་ཀྱིས་ལྟ་འདོད་ལ་ཉན་སྤྲོ་བའི་རྣམ་པའི་ཐོག་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་དང་། རྒྱལ་གཅེས་རིང་ལུགས། མི་རིགས་མཐུན་སྒྲིལ་སོགས་ཀྱི་ནང་དོན་གལ་ཆེན་ཞིང་ནང་དང་མུ་ཁ་དང་མང་ཚོགས་ཀྱི་ཁྱིམ་དུ་དྲིལ་བསྒྲགས་བྱས་ཡོད། གྲོང་སྡོད་ལས་དོན་རུ་ཁག་གིས་གོ་བདེ་ཤེས་སླའི་སྐད་ཆ་དང་བྱེད་སྒོ་སྤེལ་བ། སྔོན་ཐོན་ལ་གཟེངས་བསྟོད་སོགས་ཀྱི་བྱེད་ཐབས་བརྒྱུད་ནས་ཏང་གི་སྲིད་ཇུས་མི་སེམས་ལ་གཏིང་ཟབ་ཟུག་པར་བྱས་པ་ལས་མང་ཚོགས་ཀྱི་ཏང་ལ་མོས་སེམས་དང་གཏོགས་སེམས་ཆེ་རུ་ཕྱིན་ཡོད། མིག་སྔའི་བར། དཔའ་ཤོད་རྫོང་གི་གྲོང་སྡོད་ལས་དོན་རུ་ཁག་ཁག་གིས་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་ཁག་900ལྷག་ཙམ་སྤེལ་བས་མང་ཚོགས་མི་ཐེངས་ཁྲི་3ལྷག་ཙམ་ལ་སློབ་གསོ་ཐེབས་ཡོད།
གྲོང་སྡོད་ལས་དོན་རུ་ཁག་གིས་དུས་རབས་གསར་པའི“ཧྥེང་ཆའོ་ཡི་ཉམས་མྱོང”ལག་ལེན་ཧུར་ཐག་བསྟར་ནས“བྱ་བ་ཆུང་ཙག་གྲོང་ཚོ་ནས་ཐག་གཅོད་པ་དང་། བྱ་བ་ཆེན་པོ་ཤང་ནས་ཐག་གཅོད་པ། འགལ་ཟླ་གོང་རིམ་ལ་ཞུ་མི་དགོས་པ”བཅས་ལས་ཀའི་དམིགས་ཚད་དུ་བྱས་ནས་འགལ་ཟླ་དང་རྩོད་གཞི་གྲལ་བཤེར་དང་འདུམ་འགྲིག་ཡག་པོ་བྱས་ཡོད། ངང་རྒྱུད་རིང་ལ་ཞིབ་ཚགས་པའི་འདུམ་འགྲིག་ལས་དོན་སྤེལ་བ་བརྒྱུད་གྲོང་སྡོད་ལས་དོན་རུ་ཁག་གིས་ཡུན་རིང་ཐག་གཅོད་མ་བྱུང་བའི་འགལ་ཟླ་དང་རྩོད་གཞི་མང་པོ་ཐག་གཅོད་བྱས་ནས་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་སྲུང་སྐྱོང་བྱས་ཡོད། འཁོར་ཆེན་ཤང་རི་ཁྲོད་གྲོང་ཚོ་དང་གམ་མཐའ་གྲོང་ཚོའི་གྲོང་སྡོད་ལས་དོན་རུ་ཁག་གིས་འབྲོག་ར་སྤྱོད་དབང་གི་རྩོད་གཞིར་དམིགས་ཏེ་མང་ཚོགས་ཀྱི་ཁྱིམ་དུ་བསྐྱོད་ནས་ལོ་རྒྱུས་ཡོད་པའི་རྩྭ་རའི་དབྱེ་མཚམས་གསལ་འབྱེད་གནད་དོན་ཤེས་རྟོགས་བྱས་མཐར། རྫོང་གི་ལས་ཀའི་ཆེད་སྒྲུབ་ཚོགས་ཆུང་གི་འདུམ་འགྲིག་འོག་འདུམ་འགྲིག་གྲོས་མཐུན་བྱུང་ནས་དུས་ཡུན་ལོ་གསུམ་རིང་གི་འགལ་ཟླའི་རྩོད་གཞིར་ངོ་བོའི་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད། མིག་སྔའི་བར། གྲོང་སྡོད་ལས་དོན་རུ་ཁག་ཁག་གིས་འགལ་ཟླ་དང་རྩོད་གཞི་121གྲལ་བཤེར་དང་119འདུམ་འགྲིག་བྱས་ཡོད།
གྲོང་སྡོད་ལས་དོན་རུ་ཁག་ཁག་གིས་གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ནས་ཞིང་ནང་དང་མུ་ཁར་བསྐྱོད་དེ་མང་ཚོགས་ཀྱི་དགོས་མཁོ་ཤེས་རྟོགས་དང་ས་གནས་ས་ཐོག་ཏུ་ལས་ཀ་བྱས་ཏེ་མང་ཚོགས་ཀྱི་གནད་དོན་ཐག་གཅོད་བྱས་ཡོད། འབྲུབ་འགོག་གེགས་སེལ་དང་ལས་ཞུགས་ལས་གཏོད་སོགས་ལ་གྲོང་སྡོད་ལས་དོན་རུ་ཁག་གིས་འབྲེལ་ཡོད་སྡེ་ཚན་དང་ཁེ་ལས་དང་མཉམ་ལས་དམ་ཟབ་བྱས་ཏེ་མང་ཚོགས་ལ་དུས་ཐོག་དང་ནུས་ལྡན་གྱི་རོགས་རམ་དང་རྒྱབ་སྐྱོར་བྱས་ཡོད། འབྲུབ་འགོག་གི་འགག་རྩའི་དུས་སུ་ཐང་དཀར་གྲོང་རྡལ་དཀྱིལ་པ་གྲོང་ཚོའི་གྲོང་སྡོད་ལས་དོན་རུ་ཁག་གིས་ལས་བྱེད་པ་དང་། མང་ཚོགས། རོགས་སྐྱོབ་རུ་ཁག་བཅས་འཕྲལ་མར་སྒྲིག་འཛུགས་བྱས་ནས་རོགས་སྐྱོབ་ལས་དོན་སྤེལ་ཏེ་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་འགན་ལེན་བྱས་ཡོད། སྐྱ་རི་ཤང་གི་གནས་སྐབས་ཏང་ཀྲི་པུས་ལས་ཞུགས་ལས་གཏོད་ཀྱི་སྲིད་ཇུས་དྲིལ་བསྒྲགས་ཤུགས་ཆེན་བྱས་ནས་མཐོ་སློབ་སློབ་ཐོན་སློབ་མ་15ལས་ཞུགས་ཐུབ་རྒྱུར་ཁྲིད་སྟོན་བྱས་ཏེ་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་འགན་ལེན་དང་ལས་ཞུགས་བརྟན་པོ་ཡོང་བར་རོགས་རམ་ཏན་ཏིག་བྱས་ཡོད། མིག་སྔའི་བར། གྲོང་སྡོད་ལས་དོན་རུ་ཁག་ཁག་གིས་མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ཁག་218ཐག་གཅོད་བྱེད་རོགས་བྱས་པ་ལས་མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་ཆེ་རུ་ནུས་ལྡན་ཕྱིན་ཡོད།
གྲོང་སྡོད་ལས་དོན་རུ་ཁག་གིས་ཐོག་མཐའ་བར་གསུམ་དུ་མང་ཚོགས་ཀྱི་ཁེ་ཕན་ཨང་དང་པོར་བཞག་ནས་མང་ཚོགས་ལ་བྱ་བ་དངོས་སྒྲུབ་པ་དང་དཀའ་གནད་ཧུར་ཐག་བསལ་ཡོད། ཁོང་ཚོས་བོད་སྐྱོར་ཁེ་ལས་ནང་འདྲེན་བྱེད་པ་དང་། རྩལ་ནུས་གསོ་སྦྱོང་བྱེད་པ། ཐོན་སྐྱེད་རྒྱུ་ཆ་སྤྲོད་པ་སོགས་ཀྱི་བྱ་ཐབས་བརྒྱུད་ནས་ས་གནས་དེ་གའི་དཔལ་འབྱོར་འཕེལ་རྒྱས་དང་མང་ཚོགས་ལ་འབབ་འཕར་ཡོང་རྒྱུར་སྐུལ་འདེད་བཏང་ཡོད། གླ་སྐེ་ཤང་གནས་པ་གྲོང་ཚོའི་གྲོང་སྡོད་ལས་དོན་རུ་ཁག་གིས་ཧྥུའུ་ཅན་གྱི་བོད་སྐྱོར་ཁེ་ལས་དང་འབྲེལ་མཐུད་ཧུར་ཐག་བྱས་ཏེ་ཐོན་ལས་འཕེལ་རྒྱས་ཀྱི་མཉམ་ལས་འཚོལ་ཞིབ་བྱས་པ་དང་མང་ཚོགས་ལ་བོད་ཕག་ཕག་ཕྲུག་སྤྲད་ནས་མང་ཚོགས་ཀྱི་སྣེ་ཁྲིད་དེ་རྒྱུན་མཐུད་དང་བརྟན་པོའི་ངང་འབབ་འཕར་ཡོང་བར་བྱས་ཡོད། པད་མ་གྲོང་རྡལ་གནས་རབ་གྲོང་ཚོའི་གྲོང་སྡོད་ལས་དོན་རུ་ཁག་དང་དཔའ་ཤོད་དུང་དཀར་ཨར་འདམ་ཚད་ཡོད་འགན་འཁྲི་ཀུང་སིས་མཉམ་དུ“བདེ་སྐྱིད་དང་ཞི་མཐུན་སྒོ་ནས་དྲུག་གཅིག་ལ་རྟེན་འབྲེལ་ཞུ་བའི”བྱེད་སྒོ་སྤེལ་ནས་ཕྲུ་གུ་ཚོར་དུས་ཆེན་གྱི་ལག་རྟགས་དང་ཐོན་སྐྱེད་རྒྱུ་ཆ་སྤྲད་པ་རེད། མིག་སྔའི་བར། གྲོང་སྡོད་ལས་དོན་རུ་ཁག་ཁག་གིས་མང་ཚོགས་ལ་བྱ་བ་བཟང་པོ་དང་བྱ་བ་དངོས་ཁག་114བསྒྲུབས་ཡོད།