འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ9པའི་ཚེས22ཉིན་སྟེང་ཆེན་རྫོང་རལ་པའི་ཐང་ཆེན་དུ་མི་ཚོགས་དང་དགའ་སྤྲོའི་རྣམ་པས་ཡོངས་སུ་ཁེངས་ཡོད། ཆབ་མདོ་གྲོང་ཁྱེར་ཞིང་ལས་གྲོང་གསེབ་ཅུད་དང་སྟེང་ཆེན་རྫོང་མི་དམངས་སྲིད་གཞུང་གིས་གཙོ་གཉེར་བྱས་པའི“ཁྲི་སྟོང་ལས་གཞིར་སྦྱོང་སྤྱོད་ཀྱིས། ལོ་ལེགས་ཀྲུང་གོར་བསྔགས་བརྗོད་བྱེད”ཅེས་པ་བརྗོད་དོན་གཙོ་བོར་བྱས་པའི་ཆབ་མདོ་གྲོང་ཁྱེར་གྱི2024ལོའི་ཀྲུང་གོའི་ཞིང་པའི་ལོ་ལེགས་དུས་ཆེན་དེ་སྟེང་ཆེན་རྫོང་དུ་སྤེལ་འགོ་ཚུགས་ཡོད།
ཐང་ཆེན་དུ་དར་ཚོན་ལྷབ་ལྷུབ་ཏུ་གཡོ་ཞིང་འཁྲུག་ཆ་ཧ་ཅང་དོད་པོ་ཡོད། ཞིང་པ་གྲོགས་པོ་ཚོས་ལུས་ལ་མི་རིགས་ཀྱི་རྒྱན་གོས་མཛེས་པོ་ལེགས་པར་སྤྲས་ཏེ། སྤྲོ་སེམས་རབ་ཏུ་འཁོལ་བའི་ངང་ནས་ཁོང་ཚོའི་དུས་ཆེན་བསུ་བཞིན་ཡོད། ལས་བྱེད་མང་ཚོགས་རྣམས་མཉམ་དུ་འཛོམས་ནས་སྤྲོ་སྣང་ལྡན་པའི་དུས་སྐབས་འདིར་རོལ་བ་རེད། འགོ་ཚུགས་མཛད་སྒོའི་ཐོག སྟེང་ཆེན་རྫོང་གི་འདེབས་འཛུགས(གསོ་ཚགས)དུད་ཆེན་གྱི་འཐུས་མིས་སྤེལ་རེས་གཏམ་བཤད་བྱས་ཏེ་རང་ཉིད་ཀྱི་འདེབས་འཛུགས་དང་གསོ་ཚགས་ཀྱི་ཉམས་མྱོང་དང་ལོ་ལེགས་བྱུང་བའི་སྤྲོ་སྣང་མཉམ་སྤྱོད་ཞུས་པ་དང་། ཞིང་འབྲོག་མང་ཚོགས་དེ་བས་མང་བ་ཞིང་ལས་ཐོན་སྐྱེད་ནང་ཧུར་ཐག་ཞུགས་རྒྱུར་སྐུལ་ལྕག་བཏང་ཡོད།
ལྟད་མོ་ཆེ་བའི་རིག་རྩལ་འཁྲབ་སྟོན་རྣམས་དེ་ནས་འཕྲལ་དུ་འཁྲབ་པ་དང་ཞབས་བྲོའི་ལེ་ཚན《དྲིན་ཚོར་ཡར་བརྩོན》ཞེས་པ་དེས་འཁྲབ་སྟོན་གྱི་འགོ་བརྩམས་ཤིང་། འཁྲབ་སྟོན་པ་ཚོས་སྟོབས་ཤུགས་ཀྱིས་ཁེངས་པའི་སྟངས་སྟབས་ཐོག་ནས་ས་གཞི་འདིར་བཅངས་པའི་དགའ་ཞེན་དང་འབྱུང་འགྱུར་ལ་བཅངས་པའི་ཡིད་ཆེས་བརྟན་པོ་མཚོན་པར་བྱས་པ་རེད།《ལོ་ལེགས་བྱུང་བའི་དགའ་སྤྲོ》ཞེས་པ་དེས་ཞིང་པ་ཚོའི་ལོ་ལེགས་བྱུང་བའི་སྤྲོ་སྣང་ཇི་མ་ཇི་བཞིན་མངོན་ཡོད། གླུ་གཞས《རྨི་ལམ་ནང་གི་སྤུ་རྒྱལ་གངས་རི》དང་། 《སྤུ་ཐོག་མཚོར་མཉམ་དུ་འཛོམས་པ》 《སུམ་རྩེན་རྩེ་དྲུག》བཅས་ཀྱིས་ལྟད་མོ་བ་ཚོ་སྟེང་ཆེན་རྫོང་གི་མཛེས་སྡུག་ལྡན་པའི་རང་བྱུང་ཡུལ་ལྗོངས་ཁུལ་དུ་ཁྲིད་པ་ལྟར་དུ་སྣང་ནས་མི་རྣམས་ཀྱི་ཡིད་དབང་རབ་ཏུ་འཕྲོག་པ་རེད།
འགོ་ཚུགས་མཛད་སྒོ་མཇུག་འགྲིལ་རྗེས་ཚང་མ་སྟེང་ཆེན་རྫོང་གི་ཞིང་ལས་སྐྱེ་ཁམས་ཐོན་ལས་གླིང་དུ་ལྟ་སྐོར་བྱེད་པར་སོང་བ་རེད། ཐོན་ལས་གླིང་ཁུལ་དུ་ཀྭ་རིགས་དང་ཤིང་ཏོག་གི་དྲི་ཞིམ་གང་སར་འཐུལ་ཞིང་། སྔོ་ཚལ་རྣམས་གསར་ཞིང་སྙི་བ། དེང་རབས་ཞིང་ལས་ཀྱི་སྐྱེ་སྟོབས་ཀྱི་དཔལ་འབར་བའི་རྣམ་པ་གང་སར་མངོན་གྱི་ཡོད། ཚང་མས་ལྟ་སྐོར་བྱེད་ཞོར་དུ་ལས་དོན་མི་སྣའི་ངོ་སྤྲོད་གསན་ནས་ཐོན་ལས་གླིང་གི་འཕེལ་རྒྱས་གཏོང་སྟངས་དང་། ཚན་རྩལ་གསར་གཏོད། དེ་བཞིན་ཞིང་པར་སྣེ་ཁྲིད་དེ་འབབ་འཕར་ཡོང་བ་སོགས་ཀྱི་གནས་ཚུལ་ཤེས་རྟོགས་བྱས་པ་མ་ཟད། ས་གནས་ས་ཐོག་ཏུ“ཁྲི་སྟོང་ལས་གཞི”ལས་གྲོང་གསེབ་ལ་འགྱུར་ལྡོག་ཆེན་པོ་བྱུང་ཚུལ་མྱོང་རོལ་བྱས་པ་རེད།
སྟེང་ཆེན་རྫོང་གི་གྲོང་གསེབ་དར་རྒྱས་ཀྱི་གྲུབ་འབྲས་དང་ཞིང་འཕྲུལ་འགྲེམས་སྟོན་ཁུལ་དུ་སྔོན་ཐོན་གྱི་ཞིང་འཕྲུལ་ཡོ་བྱད་རེ་རེ་ལས་དེང་རབས་ཞིང་ལས་འཕེལ་རྒྱས་ཀྱི་གྲུབ་འབྲས་མངོན་ཡོད་པ་རེད། ཁྱད་ལྡན་ཞིང་ལས་ཐོན་རྫས་འགྲེམས་ཚོང་ཁུལ་ལ་མི་རྣམས་ཀྱིས་དོ་སྣང་ཆེན་པོ་བྱེད་ཀྱི་ཡོད་ཅིང་། འདི་གར་སྟེང་ཆེན་རྫོང་གི་སྤུས་དག་ཞིང་ལས་ཐོན་རྫས་མང་པོ་འདུས་ཡོད་པ་རེད། འགྲེམས་རྫས་སྣ་ཚོགས་ཀྱི་ཚོན་མདོག་རྣམ་པར་བཀྲ་ཞིང་། དེ་དག་ཚང་མ་ནི་ཞིང་འབྲོག་པའི་དཀའ་སྤྱད་ངལ་རྩོལ་ལས་བྱུང་བའི་འབྲས་བུ་ཤ་སྟག་རེད། སྤུས་ལེགས་ཀྱི་ཚགས་ཤ་དང་བོད་ཕག་ཤ་སོགས་ཤ་རིགས་ཐོན་རྫས་ཀྱང་གྲལ་སྟར་འགྲིག་པོར་བསྒྲིགས་ནས་ཡུལ་སྐོར་བར་བྲོ་བ་མྱོང་དུ་འཇུག་གི་ཡོད་པ་རེད།
ཞིང་འབྲོག་པའི་སྲོལ་རྒྱུན་ལུས་རྩལ་བྱེད་སྒོ་སྤེལ་ཡུལ་དུ་ངར་ཤུགས་སློང་བའི་སྒྲ་དང་དགའ་འབོད་ཀྱི་སྒྲ་མཚམས་མི་ཆད་པར་གྲགས་ཀྱི་ཡོད། སྲོལ་རྒྱུན་གྱི་ལུས་རྩལ་རྣམ་གྲངས་ལས་ཞིང་འབྲོག་པའི་གཟུགས་སྟོབས་ཐང་པོ་མངོན་པ་མ་ཟད། ཀྲུང་ཧྭ་མི་རིགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ནུས་ལྡན་ངང་རྒྱུན་འཛིན་ཐུབ་ཡོད། དེ་དང་ཆབས་ཅིག་མཚན་ཁྲོམ་དཔལ་འབྱོར་དང་དེ་བཞིན་བྲིན་འཚོང་བྱེད་སྒོས་ལོ་ལེགས་དུས་ཆེན་ལ་འཁྲུག་ཆ་དོད་པའི་རྣམ་པ་དེ་བས་མང་བ་བཏོད་ཡོད། ཁྱད་ལྡན་སིལ་ཟས་དང་ལག་བཟོའི་ཐོན་རྫས་སོགས་ཀྱིས་ཡུལ་སྐོར་བ་མང་པོའི་ཡིད་དབང་བཀུག་ནས་འཛད་སྤྱོད་ལ་སྐུལ་འདེད་བཏང་བ་མ་ཟད། དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་ཁྲིད་ཀྱང་བྱས་ཡོད། ས་སྲོད་ཀྱི་མཚམས་སུ་སྐྱིད་པའི་སྒོར་གཞས་ཀྱིས་ལོ་ལེགས་དུས་ཆེན་གྱི་མཐོ་རླབས་འཕྱུར་དུ་བཅུག་པ་རེད། མི་རྣམས་ཀྱིས་ལག་གདང་སྦྲེལ་ནས་མེ་ཕུང་གི་མཐའ་བསྐོར་ཏེ་ཞབས་བྲོ་འཁྲབ་ནས་ལོ་ལེགས་ཀྱི་དགའ་སྤྲོའི་རྟེན་འབྲེལ་ཞུས་པ་རེད།