འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉེ་བའི་ལོ་ཤས་རིང་། བོད་ལུགས་གསོ་རིག་གི་སྨན་ལུམས་སྐད་གྲགས་ཇེ་ཆེར་འགྲོ་བ་དང་བསྟུན་ནས། གོ་འཇོ་རྫོང་སྨན་རྩིས་ཁང་དུའང་སྨན་ལུམས་ཚན་ཁག་བཙུགས་ནས་ལས་ཀའི་ཞོར་དུ་བོད་ཀྱི་གསོ་རིག་དང་སྨན་ལུམས་བཟོ་རྒྱུ་དེ་མི་རྣམས་ཀྱིས་བདེ་ཐང་ལོངས་སུ་སྤྱོད་སྟངས་ཤིག་ཏུ་གྱུར་ཡོད་པ་རེད།
མིག་སྔར། གོ་འཇོ་རྫོང་སྨན་རྩིས་ཁང་གི་སྨན་ལུམས་ཚན་ཁག་ཏུ་སྨན་པ་དཀའ་བཅུ་པ་6དང་ནད་སྐྱོང་པ་6ཡོད་པ་དང་ཉལ་ཁྲི་15བཀོད་སྒྲིག་བྱས་ཡོད་པ་མ་ཟད།སྨན་བཅོས་ཁང་དང་ངལ་གསོ་ཁང་ལོགས་སུ་བཙུགས་ཡོད་པས་ཁོར་ཡུག་གཙང་ལ་སྣང་བ་དོད་པ་ཞིག་ཡོད། དེ་གར་ནད་པར་སྲོལ་རྒྱུན་གྱི་བོད་ལུགས་གསོ་རིག་དང་སྨན་ལུམས་ཀྱི་དམིགས་བསལ་ཕན་ནུས་ལོངས་སུ་སྤྱོད་ཐུབ་ཀྱི་ཡོད།
གོ་འཇོ་རྫོང་སྨན་རྩིས་ཁང་གི་ཡོན་ཀྲང་ངག་དབང་བསོད་ནམས་ཀྱིས“བོད་ལུགས་གསོ་རིག་སྨན་ལུམས་བཟོ་བ་དེའི་དྲེག་གྲུམ་དང་། རླུང་རློན་ཚིགས་གྲུམ། རུས་རྒྱུ་འཕར་སྐྱེ། པགས་ནད། དབང་རྩའི་མ་ལག་གི་ནད་གཞི་སོགས་ལ་ཕན་འབྲས་ཆེན་པོ་ལྡན། ལྷག་པར་དུ་གཅོང་ནད་ཁག་གཅིག་ལ་བོད་ལུགས་གསོ་རིག་སྨན་ལུམས་བཟོ་ཚེ་ནད་གཞི་ཞི་ལྷོད་དུ་འགྲོ་ཐུབ་པ་མ་ཟད། དེ་དང་ཆབས་ཅིག་བདེ་ཐང་ཞན་པའི་མི་ཚོགས་ལ་ལུམས་བཟོས་ན་འཚམ་ཞིང་། ཁོང་ཚོའི་ལུས་སྟོབས་རྒྱས་པ་དང་ངལ་དུབ་སེལ་བའི་ཕན་ཡོན་ལྡན། དེའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཀྱིས་ནད་རིགས་སྣ་ཚོགས་བཅོས་ཐུབ་པ་མ་ཟད། ད་དུང་སྔོན་འགོག་དང་བདེ་སྲུང་། ལུས་ཕུང་བདེ་ཐང་བཅས་ཀྱི་ནུས་པའང་ཐོན་ཐུབ།”ཅེས་བཤད།
ཤེས་རྟོགས་བྱུང་བར་གཞིགས་ན། གོ་འཇོ་རྫོང་སྨན་རྩིས་ཁང་གི་སྨན་ལུམས་ཚན་ཁག་གིས་ནད་པའི་དགོས་མཁོར་གཞིགས་ཏེ་ཆུ་ཁྲུས་དང་། རླངས་ཁྲུས་སོགས་སྨན་བཅོས་བཀོད་སྒྲིག་བྱས་པ་དང་དུས་མཚུངས་ད་དུང་ཚ་དུགས་དང་གྲང་དུགས། ཕྱིས་བྱུག་སོགས་བོད་ཀྱི་གསོ་རིག་གི་ཁྱད་ལྡན་ལུམས་བཅོས་ཀྱང་བཀོད་སྒྲིག་བྱས་ཡོད།
གོམ་སྟབས་རྗེས་མའི་ལས་ཀའི་ཁྲོད་གོ་འཇོ་རྫོང་སྨན་རྩིས་ཁང་སྨན་ལུམས་ཚན་ཁག་གིས་རྒྱུན་འཛིན་གསར་གཏོད་ཀྱི་འདུ་ཤེས་མུ་མཐུད་རྒྱུན་འཁྱོངས་བྱས་ཏེ་སྨན་ལུམས་ཀྱི་བཅོས་ཐབས་རྒྱུན་ཆད་མེད་པར་འཚོལ་ཞིབ་དང་འཕེལ་རྒྱས་བཏང་སྟེ་ནད་པར་དེ་བས་སྤུས་ལེགས་དང་ཕན་འབྲས་ཆེ་བའི་སྨན་བཅོས་ཞབས་ཞུ་མཁོ་འདོན་བྱས་ཏེ་རྫོང་ཡོངས་ཀྱི་སྨན་བཅོས་བྱ་གཞག་དར་རྒྱས་གོང་འཕེལ་འགྲོ་རྒྱུར་ལེགས་སྐྱེས་འབུལ་རྒྱུ་ཡིན་པ་རེད།

