国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2024年09月20日

གྲོང་ཁྱེར་འགོ་ཁྲིད་ཀྱིས་ཟླ་མཆོད་དུས་ཆེན་སྐབས་སུ་ཁག་བཅུ་པའི་བོད་སྐྱོར་ལས་བྱེད་ པ་དང་ཤེས་ལྡན་མི་སྣར་འཚམས་འདྲི་གནང་བ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ་9ཚེས་17ཉིན། ཟླ་མཆོད་དུས་ཆེན་གྱི་དུས་སུ་གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཝང་ཡ་ཏུང་གིས་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གི་ཚབ་ཞུས་ནས་ཁག་བཅུ་པའི་བོད་སྐྱོར་ལས་བྱེད་པ་དང་ཤེས་ལྡན་མི་སྣར་འཚམས་འདྲི་གནང་བ་དང་། ཁོང་ཚོར་འཚམས་འདྲིའི་དངོས་པོ་དང་འཚམས་འདྲིའི་ཡི་གེ་གནང་བ་མ་ཟད། དུས་ཆེན་གྱི་འཚམས་འདྲི་ཡང་གནང་བ་རེད།

ས་ཆ་གང་དུ་སླེབས་ཀྱང་ཝང་ཡ་ཏུང་གིས་བོད་སྐྱོར་ལས་བྱེད་པ་དང་ཤེས་ལྡན་མི་སྣ་དང་བྱམས་བརྩེའི་ངང་གླེང་མོལ་བྱས་ནས་ཁོང་ཚོའི་ལས་ཀ་དང་། འཚོ་བ། སློབ་སྦྱོང་བཅས་ཀྱི་གནས་ཚུལ་ཤེས་རྟོགས་ཞིབ་ཕྲ་བྱས་པ་དང་ཁག་བཅུ་པའི་བོད་སྐྱོར་ལས་བྱེད་པ་དང་ཤེས་ལྡན་མི་སྣས་ཆབ་མདོའི་དཔལ་འབྱོར་འཕེལ་རྒྱས་དང་། སྤྱི་ཚོགས་བརྟན་ལྷིང་། དམངས་འཚོ་ལེགས་གཏོང་། ལས་བྱེད་པ་དང་ཤེས་ལྡན་མི་སྣའི་དཔུང་ཁག་འཛུགས་སྐྱོང་སོགས་ཀྱི་ཐད་ལེགས་སྐྱེས་ཧུར་ཐག་ཕུལ་བར་ཐུགས་རྗེ་ཆེ་ཞུས་པ་རེད། གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། རྒྱུན་ལས་ཧྲི་ཀྲང་གཞོན་པ་ཝུའེ་ཤིན་ཀུའེ་དང་ལུའི་གོ་ཅན་གྱིས་བོད་སྐྱོར་ལས་བྱེད་པའི་ཚབ་ཞུས་ནས་འཚམས་འདྲི་དང་ལེན་གནང་བ་རེད།

གྲོང་ཁྱེར་མི་དམངས་སྨན་ཁང་དུ་ཝང་ཡ་ཏུང་དང་བཅས་པས་སྨན་བཅོས་བོད་སྐྱོར་ལས་དོན་སྤེལ་ཚུལ་ཤེས་རྟོགས་བྱས་པ་དང་འབྲེལ། ནང་མི་མཉམ་འཛོམས་ཀྱི་ཟླ་མཆོད་དུས་ཆེན་འདིར་ཁག་བཅུ་པའི་བོད་སྐྱོར་ལས་བྱེད་པ་དང་ཤེས་ལྡན་མི་སྣས་སྟབས་མི་བདེ་བ་དང་དཀའ་ངལ་སྣ་ཚོགས་ཁྱད་བསད་བྱས་ཏེ། ཆབ་མདོའི་སྤྱི་ཚོགས་དང་དཔལ་འབྱོར་འཕེལ་རྒྱས་ཀྱི་བྱ་གཞག་ཁག་ནང་ཧུར་ཐག་ཞུགས་པ་དང་བྱ་སྤྱོད་དངོས་ཀྱི་ཐོག་ནས་རྩ་འཛུགས་ཀྱི་མངགས་བཅོལ་ཟབ་མོ་ཆུད་ཟོས་སུ་མི་གཏོང་བ་དང་། རྒྱལ་ཁབ་ཀྱི་འགན་འཁྲི་ཆུད་ཟོས་སུ་མི་གཏོང་བ། བོད་སྐྱོར་ལོ་ཟླ་ཆུད་ཟོས་སུ་མི་གཏོང་བ་བཅས་ཀྱི་དུས་རབས་གསར་པའི་བོད་སྐྱོར་སྙིང་སྟོབས་གསལ་བཤད་དང་ལག་ལེན་བསྟར་ཡོད་ཅེས་གསུངས་པ་རེད། ཁོང་ཚོར་སྲོལ་རྒྱུན་བཟང་པོ་མུ་མཐུད་དར་སྤེལ་བཏང་ནས་མི་རིགས་མཐུན་སྒྲིལ་ཟབ་ཏུ་གཏོང་བ་དང་ས་ཁུལ་གྱི་སྨན་བཅོས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་སྔར་བས་ཆེ་བ་འབུལ་རྒྱུའི་སྐུལ་ལྕག་ཀྱང་གནང་བ་རེད།

ཐེན་ཅིན་དང་། ཧྥུའུ་ཅན། ཁྲུང་ཆིང་བཅས་ཀྱི་བོད་སྐྱོར་ལས་ཤག་ནང་ཝང་ཡ་ཏུང་དང་བཅས་པས་བོད་སྐྱོར་ལས་བྱེད་པ་ཚོའི་འཚོ་བའི་གནས་ཚུལ་ཤེས་རྟོགས་ཞིབ་ཕྲ་བྱས་པ་དང་། ཁོང་ཚོའི་ལས་ཀ་དང་འཚོ་བའི་ཁྲོད་འཕྲད་པའི་གནད་དོན་དངོས་འདྲི་རྩད་བྱས་ནས་བོད་སྐྱོར་ལས་བྱེད་པ་ཚང་མས་བློ་བདེ་པོའི་ངང་ལས་ཀ་དང་བདེ་སྐྱིད་ངང་འཚོ་བ་སྐྱེལ་ཐུབ་པ་བྱས་ཡོད། ཁོང་གིས་བོད་སྐྱོར་ལས་དོན་ནི་གཟི་བརྗིད་ཆེ་ལ་དཀའ་ཚེགས་ཆེ་བའི་ལས་འགན་ཞིག་ཡིན་པ་དང་། བོད་སྐྱོར་ལས་བྱེད་པ་ནི་ཏང་དང་སྲིད་གཞུང་གི་རྩ་ཆེའི་རྒྱུ་ནོར་ཞིག་ཡིན། གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་སྔར་རྒྱུན་བཞིན་བོད་སྐྱོར་ལས་དོན་ལ་སེམས་ཁུར་དང་རྒྱབ་སྐྱོར་བྱས་ནས་བོད་སྐྱོར་ལས་བྱེད་པར་སྔར་བས་ལེགས་པའི་འགན་སྲུང་དང་ཞབས་ཞུ་མཁོ་འདོན་བྱ་རྒྱུ་ཡིན། ཚང་མས་མུ་མཐུད་སྙིང་རུས་དངོས་སྒྲུབ་ཀྱི་སྤྱོད་ཚུལ་དང་། དཀའ་སྤྱད་སྙིང་རུས་ཀྱི་སྙིང་སྟོབས། འགན་འཁྲི་འཁུར་ཕོད་པའི་སྙིང་སྟོབས་བཅས་ལ་བརྟེན་ནས་བོད་སྐྱོར་ལས་དོན་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་བཏང་སྟེ་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ཀྲུང་གོའི་ཕུགས་འདུན་གྱི་ཆབ་མདོའི་ལེའུ་གཏོད་ཆེད་སླར་ཡང་བྱས་རྗེས་གསར་པ་འཇོག་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།

ཁག་བཅུ་པའི་བོད་སྐྱོར་ལས་བྱེད་པ་དང་ཤེས་ལྡན་མི་སྣས་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་ཟླ་མཆོད་དུས་ཆེན་སྐབས་ཁོང་ཚོར་འཚམས་འདྲི་བྱས་པས་ཁོང་ཚོར་དྲོ་སྐྱིད་ཀྱི་ཚོར་སྣང་ཟབ་མོ་བྱུང་། སླད་ཕྱིན་གྱི་བོད་སྐྱོར་ལས་དོན་ཁྲོད་སྤྲོ་སེམས་སྔར་བས་འཕེལ་བ་དང་། སྔར་བས་བྱས་རྗེས་འཇོག་ཕོད་པ། སྔར་བས་དངོས་སྒྲུབ་བཅས་ཀྱི་བྱ་ཐབས་ཐོག་ནས་ཆབ་མདོའི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་རྒྱུ་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད་པ་རེད།

ཧྲི་ཀྲང་གཞོན་པ་ཕུའུ་ཡུས་ཧུའེ་ལྷན་དུ་ཕེབས་ནས་འཚམས་འདྲི་གནང་བ་རེད།