国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2024年09月20日

ཆབ་མདོ་གྲོང་ཁྱེར་གྱིས་དུས་བདེ་འཛུགས་སྐྱོང་གི་དྲིལ་བསྒྲགས་ཞབས་ཞུའི་བྱེད་སྒོར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་བ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ་9ཚེས་16ཉིན། ཆབ་མདོ་གྲོང་ཁྱེར་གྱིས་རང་སྐྱོང་ལྗོངས་ཀྱི་གཅིག་གྱུར་བཀོད་སྒྲིག་འོག་དུས་བདེ་འཛུགས་སྐྱོང་གི་དྲིལ་བསྒྲགས་ཞབས་ཞུའི་བྱེད་སྒོ་ཁྱོན་ཡོངས་ནས་སྤེལ་བ་རེད། ད་རེས་ཀྱི་བྱེད་སྒོའི་དམིགས་ཡུལ་ནི་ཁྲིམས་སྐྱོང་བསམ་བློ་ཟབ་ཏུ་གཏོང་བ་དང་། གྲོང་མིའི་བདེ་འཇགས་དོགས་ཟོན་གྱི་འདུ་ཤེས་ཟབ་ཏུ་གཏོང་བ། སྤྱི་ཚོགས་ཞི་མཐུན་དང་བརྟན་ལྷིང་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱ་རྒྱུ་དེ་རེད།

བཅིངས་འགྲོལ་ཐང་ཆེན་དུ། རྣམ་པ་གསར་གཏོད་ཀྱི་དྲིལ་བསྒྲགས་བྱེད་སྒོ་ཞིག་སྤེལ་བཞིན་ཡོད་པ་རེད། ཆབ་མདོ་གྲོང་ཨུད་ཀྱི་རྒྱུན་ཨུ་དང་། སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི། སྤྱི་བདེ་ཅུས་ཏང་ཨུད་ཀྱི་ཧྲུའུ་ཅི་བཅས་ཡིན་པའི་ཀྲང་ཝུན་ཧྲེང་གིས་ས་གནས་ས་ཐོག་ཏུ་ཕེབས་ནས་དྲིལ་བསྒྲགས་བྱེད་སྒོར་ཞིབ་བཤེར་དང་མཛུབ་ཁྲིད་གཏིང་ཟབ་གནང་བ་རེད། ཀྲང་ཝུན་ཧྲེང་གིས་དྲིལ་བསྒྲགས་ས་ཚིགས་ཁག་ཏུ་དྲིལ་བསྒྲགས་དཔྱད་གཞིའི་ཡིག་རིགས་ཞིབ་ཕྲ་བལྟས་ནས་དྲིལ་བསྒྲགས་ཀྱི་ནང་དོན་དང་གནས་ཚུལ་ཤེས་རྟོགས་ཞིབ་ཕྲ་བྱས་པ་དང་འབྲེལ་ས་གནས་ས་ཐོག་གི་མང་ཚོགས་དང་ལས་དོན་མི་སྣ་དང་ཕན་ཚུན་སྤེལ་རེས་བྱས་པ་རེད།

ཀྲང་ཝུན་ཧྲེང་གིས་ཞིབ་བཤེར་གནང་སྐབས་གྲོང་ཁྱེར་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་དྲིལ་བསྒྲགས་ཀྱི་བརྗོད་དོན་གཙོ་བོར་དམ་པོར་དམིགས་ཏེ། ཁྲིམས་སྐྱོང་བསམ་བློ་དང་རྒྱལ་ཁབ་ཀྱི་སྤྱིའི་བདེ་འཇགས་ལྟ་བ་དྲིལ་བསྒྲགས་གཏིང་ཟབ་བྱེད་དགོས་པ་དང་། ཁོང་གིས་ཉེན་ཁ་སྔོན་འགོག་དང་།བདེ་འཇགས་འགན་ལེན།བརྟན་ལྷིང་སྲུང་སྐྱོབ།བཅོས་སྒྲིག་སྟོབས་ཆེན་བཅས་ཀྱི་ལས་དོན་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་གཏོང་བ་དང་དྲིལ་བསྒྲགས་ཀྱི་གཏིང་ཚད་དང་རྒྱ་ཆེ་ཚད་མཐོ་རུ་གཏོང་སྟེ་སྤྱི་ཚོགས་ཀྱིས་ཤེས་རྟོགས་ཐུབ་ཚད་དང་ཞུགས་ཚད་རྒྱུན་ཆད་མེད་པར་མཐོ་རུ་འགྲོ་རྒྱུའི་འགན་ལེན་བྱེད་དགོས་ཞེས་གསུངས་པ་རེད། དུས་མཚུངས་སུ་རིམ་ཁག་སྡེ་ཚན་ཁག་གིས་བདེ་འཇགས་འཛུགས་སྐྱོང་དང་ཁྲིམས་སྐྱོང་འཛུགས་སྐྱོང་།རྒྱུན་རྣམ་ཅན་གྱི་ནག་སེལ་གཤེད་བཅོམ་སོགས་ཀྱི་ཆེད་དོན་འཐབ་རྩོད་སོགས་སྲིད་ཇུས་དང་བྱ་ཐབས་རབ་དང་རིམ་པར་དམ་པོར་དམིགས་ནས་མང་ཚོགས་ཀྱིས་ལྟ་འདོད་ཉན་སྤྲོ་བའི་རྣམ་པའི་ཐོག་ནས་སྒྲོག་འགྲེལ་བྱས་ནས།མི་དམངས་མང་ཚོགས་ཀྱི་ཁྲིམས་སྐྱོང་འདུ་ཤེས་ཟབ་ཏུ་ཏན་ཏིག་བཏང་ནས་ཁྲིམས་ལུགས་ལ་བརྟེན་ནས་ནག་སྤྱོད་སྟོབས་ཤུགས་དང་འཐབ་རྩོད་བྱེད་པའི་ཁོང་ཚོའི་ཡིད་ཆེས་དང་ནུས་པ་ཆེ་རུ་གཏོང་དགོས།

བྱེད་སྒོ་སྤེལ་ཡུལ་དངོས་སུ། གྲོང་ཁྱེར་དང་། རྫོང་(ཆུས)གི་ཚན་པ་དང་སྡེ་ཚན་ཁག་བཅས་ཀྱིས་འཕྲེད་འགེལ་སྦྱར་ཡིག་འགེལ་བ་དང་། དྲིལ་བསྒྲགས་དཔྱད་གཞིའི་ཡིག་རིགས་དང་དྲིལ་བསྒྲགས་དངོས་པོ་སྤྲོད་པ། དེ་བཞིན་ཡུལ་དངོས་སུ་བཅའ་ཁྲིམས་ཀྱི་བློ་འདྲི་དང་ལེན་བྱེད་པ་སོགས་ཀྱི་བྱ་ཐབས་སྣ་ཚོགས་ཐོག་ནས་《རྩ་ཁྲིམས་》དང་། 《དམངས་དོན་ཁྲིམས་གཞུང་།》《ནར་མ་སོན་པའི་མིའི་ཉེས་གསོག་སྔོན་འགོག་བཅའ་ཁྲིམས།》 《རྒྱལ་ཁབ་བདེ་འཇགས་བཅའ་ཁྲིམས།》 《སྒྲིག་འཛུགས་ཡོད་པའི་ཉེས་གསོག་ལ་ངོ་རྒོལ་བྱེད་པའི་བཅའ་ཁྲིམས་》བཅས་དང་དེ་བཞིན་བོད་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་དུས་བདེ་འཛུགས་སྐྱོང་དང་། དྲ་རྒྱའི་ཆ་འཕྲིན་བདེ་འཇགས་དོ་དམ། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་ཁུལ་གཏོད་པ་སོགས་ཀྱི་སྲོལ་ཡིག་རྒྱ་ཁྱབ་ངང་དྲིལ་བསྒྲགས་བྱས་པ་རེད། བྱེད་སྒོ་འདི་དག་གིས་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་འབྲེལ་ཡོད་ཤེས་བྱ་རྒྱ་ཆེའི་མང་ཚོགས་ཀྱི་གམ་དུ་བསྐྱལ་བས་མང་ཚོགས་ཀྱི་བདེ་འཇགས་དོགས་ཟོན་གྱི་འདུ་ཤེས་ཟབ་ཏུ་ཕྱིན་ཡོད་པ་རེད།

ད་རེས་ཀྱི་བྱེད་སྒོའི་ནང་ད་དུང་གཙོ་གནད་མི་ཚོགས་དང་། ཉམས་ཞན་ཚོགས་སྤྱི། དམིགས་བསལ་ཚོགས་སྤྱི་བཅས་ཀྱི་ཁྱད་ཆོས་དང་དགོས་མཁོར་དམིགས་ཏེ་ཡུལ་བབ་དང་བསྟུན་པའི་སྒོ་ནས་མང་ཚོགས་ཀྱི་འཚོ་བ་དང་ཉེ་བཅར་དང་ལྟ་འདོད་ལ་ཉན་སྤྲོ་བའི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་རེད། གྲོང་ཁྱེར་དང་རྫོང་(ཆུས)དུས་བདེ་གཞུང་ལས་ཁང་གིས་ད་ཐེངས་ཀྱི་དུས་བདེ་འཛུགས་སྐྱོང་གི་དྲིལ་བསྒྲགས་དེ་རང་སྐྱོང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དྲིལ་བསྒྲགས་བྱེད་སྒོ་ཟླ་བ་དང་ཟུང་འབྲེལ་ནུས་ལྡན་བྱས་ཏེ་“ཕྱར་བ་གྲུ་འདེགས་ཀྱིས་དུས་བདེ་སྲུང་བའི་”དྲིལ་བསྒྲགས་ཀྱི་རྣམ་པ་ཟབ་མོ་ཞིག་ཐུན་མོང་ཐོག་བཏོད་ཡོད་པ་རེད།

བསྡོམས་རྩིས་བྱས་པར་གཞིགས་ན། བྱེད་སྒོ་སྤེལ་རིང་གྲོང་ཁྱེར་དང་རྫོང་(ཆུས)དུ་ཁྱོན་དྲིལ་བསྒྲགས་སྤེལ་ཡུལ་12བཙུགས་པ་དང་ཁྱོན་ཚན་པ་410དང་ལས་དོན་མི་སྣ་920ཞུགས་ཡོད་པ་རེད། བྱེད་སྒོའི་ཐོག་དྲིལ་བསྒྲགས་དཔྱད་གཞིའི་ཡིག་རིགས་སྣ་ཚོགས་ཁྲི་4.6ལྷག་ཙམ་སྤྲད་པ་དང་། དྲིལ་བསྒྲགས་དངོས་པོ་ཁྲི་1ལྷག་ཙམ་སྤྲད་པ། བློ་འདྲིའི་སྟེགས་བུ་166བཙུགས་པ། མི་ཐེངས་650ལྷག་ཙམ་ལ་བཅའ་ཁྲིམས་དང་སྲིད་ཇུས་ཀྱི་བློ་འདྲི་མཁོ་འདོན་བྱས་ཡོད། མི་500ལྷག་ཙམ་ལ་འོས་འགན་སྨན་བཅོས་བྱས་པ། ཕན་པ་ཐོབ་པའི་མང་ཚོགས་མི་ཐེངས་ཁྲི་1དང་6000ལྷག་ཙམ་ཟིན་པ་རེད། ད་ཐེངས་ཀྱི་དུས་བདེ་འཛུགས་སྐྱོང་གི་དྲིལ་བསྒྲགས་ཞབས་ཞུའི་བྱེད་སྒོར་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ནས་དུས་བདེའི་ཆབ་མདོ་དང་། ཁྲིམས་སྐྱོང་གི་ཆབ་མདོ། ཤེས་དཔལ་གྱི་ཆབ་མདོ་བཅས་འཛུགས་སྐྲུན་བྱ་ཆེད་སྟོབས་ཤུགས་གཅིག་སྒྲིལ་བྱས་ཡོད་པ་རེད།