国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2024年09月10日

འབར་ཁམས་ཡུལ་གྱི་སྣོད་བཅུད་ཀུན།། རིན་ཆེན་གཏེར་གྱི་མཛོད་ལ་འགྲན།།

འབར་ཁམས་གྲོང་ཁྱེར་གྱིས་རྒྱལ་སྤྱིའི་སྐྱེ་ཁམས་ལྗོངས་སྐོར་རིག་གནས་གྲོང་ཁྱེར་གྲགས་ཅན་བསྐྲུན་པར་འབད་པའི་སྐོར།

གནས་འདི་ནས། ཁྱེད་ཀྱིས་ངོ་མཚར་རྨད་དུ་བྱུང་བའི་རྩི་ཤིང་གི་ལྗོངས་བཀོད་དང་། ཡངས་ཤིང་རྒྱ་ཆེ་བའི་མཐོ་སྒང་གི་སྤང་ལྗོངས། གཡང་གཟར་གྱི་གྲོག་རོང་བཅས་མཐོང་ཐུབ་ལ། ཧ་ཅང་བག་ལྷོད་ཀྱིས་རང་བྱུང་གི་མཛེས་པ་ལ་ཉམས་སུ་མྱང་ཆོག

གནས་འདི་ནས། ཁྱེད་ཀྱིས་ལྡེམ་མྱུར་གྱི་སྟངས་སྟབས་བསྒྱུར་དེ་སྐོར་བྲོ་འཁྲབ་ཆོག་པར་མ་ཟད། མེས་པོའི་འཚོ་བ་གསལ་བའི་ཀ་ལིང་ཟློས་གར་ལ་ཡང་མྱོང་རོལ་བྱེད་ཆོག་ལ། སྙན་ཞིང་འཇེབས་པའི་གདོད་མའི་གླུ་སྐད་དང་ཐུན་མོང་མ་ཡིན་པའི་མི་རིགས་ཀྱི་གོམས་སྲོལ་ལ་རྒྱུས་ལོན་བྱེད་ཆོག

གནས་འདི་ནས། ཁྱེད་ཀྱིས་ད་དུང་གསར་བརྗེའི་ལོ་རྒྱུས་བརྒྱུད་ནས་གསར་བརྗེའི་སྔོན་གཤེག་དཔའ་བོ་རྣམས་ཀྱི་འཐབ་འཛིང་དང་ལས་ཀའི་རྗེས་ཤུལ་ལ་མཇལ་ཆོག་པར་མ་ཟད། གསར་བརྗེའི་རྒྱང་བསྐྱོད་རིག་གནས་ལ་ཡང་ཉམས་སུ་མྱང་ཆོག

གནས་འདི་ནི་གཏེར་མཛོད་ཀྱི་ཞིང་ཁམས། ཤར་རྒྱལ་རོང་ཚ་བ་ཁག་བཞིའི་གནས་ཡུལ་འབར་ཁམས་ཞེས་རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་གྱི་ཆབ་སྲིད་དང་རིག་གནས། དཔལ་འབྱོར། ཆ་འཕྲིན་བཅས་ཀྱི་ལྟེ་གནས་ཡིན།

ཉེ་བའི་ལོ་འགིའི་རིང་། འབར་ཁམས་གྲོང་ཁྱེར་གྱིས་རྔ་བ་ཁུལ་གྱི་གྲོང་ཁྱེར་གཙོ་བོ་ཡིན་པའི་འགན་འཁྲི་ཕྲག་ཏུ་ཁུར་ནས་རང་འགུལ་ངང་ཁྲེང་ཏུའུ་དང་ཁྲུང་ཆིན་ས་ཁུལ་གཉིས་ཀྱི་དཔལ་འབྱོར་འཛུགས་སྐྲུན་ནང་ཞུགས་ཏེ་རྣམ་པ་གསར་བའི་གྲོང་ཁྱེར་དང་གྲོང་རྡལ་འཛུགས་སྐྲུན་ལ་སྐུལ་འདེད་བྱེད་རྒྱུ་ཇེ་མགྱོགས་སུ་གཏོང་བ་དང་། གྲོང་ཁྱེར་འཆར་འགོད་སྔོན་ལ་བྱེད་པ། སྣོད་བཅུད་ཤེས་དཔལ་ལ་སྣེ་ཁྲིད་བྱེད་པ། རིག་གནས་དང་ཡུལ་སྐོར་མཉམ་འདྲེས་དམ་འཛིན་བྱེད་པ། ཁོངས་ཡོངས་ཡུལ་སྐོར་འཛུགས་སྐྲུན་བཅས་འགག་རྩར་བཟུང་ནས་སྐྱེ་ཁམས་དང་ཡུལ་སྐོར། རིག་གནས་བཅས་གཅིག་ལ་གཅིག་བརྟེན་གྱིས་རྒྱུན་མཐུད་འཕེལ་རྒྱས་གཏོང་བར་སྐུལ་འདེད་གཏོང་བཞིན་ཡོད།

སྐྱེ་ཁམས་རྨང་གཞི་བྱས་ཏེ་ལྗང་མདོག་གི་འབར་ཁམས་གསར་བ་སྐྲུན།

2023ལོའི་ཟླ་1པོར། འབར་ཁམས་གྲོང་ཁྱེར་གྱི་གྲོང་མི་དག་གིས་ནུས་ཁུངས་གསར་བའི་སྤྱི་སྤྱོད་རླངས་འཁོར་གསར་བ་དག་གཞུང་ལམ་དུ་གཏོང་བཞིན་ཡོད་པ་མཐོང་བས། སྤྱི་སྤྱོད་རླངས་འཁོར་གསར་བ་རེ་རེ་གྲོང་མི་རྣམས་ཀྱིས་དགའ་བསུ་བྱེད་པའི་འགྲིམ་འགྲུལ་ཡོ་བྱད་དུ་གྱུར་ཡོད།

སྤྱི་སྤྱོད་རླངས་འཁོར་འབབ་ཚིགས་སུ་གྲོང་མི་རྣམས་གོ་རིམ་ལྡན་པའི་ངང་ཕྲེང་བསྒྲིགས་ཏེ་ཡར་འབུད་མར་འབབ་བྱེད་བཞིན་ཡོད་ལ། གྲོང་མི་ཕུན་ཚོགས་ནོར་བུ་ཡིས་ནམ་རྒྱུན་སྤྱི་སྤྱོད་རླངས་འཁོར་དུ་བསྡད་དེ་ཚ་མོ་སློབ་གྲྭར་སྐྱེལ་བསུ་བྱེད་བཞིན་ཡོད། ད་སྐབས་ཀྱི་སྤྱི་སྤྱོད་རླངས་འཁོར་ཚང་མ་ནུས་རྒྱུ་གསར་བའི་རླངས་འཁོར་ཡིན་པས་ནང་དུ་བསྡད་ན་བདེ་སྣང་དོད་པ་དང་ཁོར་ཡུག་སྲུང་སྐྱོང་ལ་ཡང་ཧ་ཅང་བཟང་ཞེས་ཁོས་བསྟོད་པའི་མཐེ་བོང་བསྒྲེངས།

སྤྱི་སྤྱོད་རླངས་འཁོར་གྱི་ཁ་ལོ་བ་མགོན་པོས་གསར་འགོད་པར་བཤད་རྒྱུར། འབར་སྣུམ་གྱི་སྤྱི་སྤྱོད་རླངས་འཁོར་དང་བསྡུར་ན་ནུས་ཁུངས་གསར་བའི་སྤྱི་སྤྱོད་རླངས་འཁོར་གྱིས་ནུས་ཁུངས་གྲོན་ཆུང་ཐུབ་པས་ཁོར་ཡུག་ལ་འབག་བཙོག་བཟོ་ཚད་ཉུང་དུ་ཕྱིན་པར་མ་ཟད། ཚོང་གཉེར་མ་རྩ་ཡང་གྲོན་ཆུང་བྱེད་ཐུབ་ཡོད།

ན་ནིང་ནས་བཟུང་། འབར་ཁམས་གྲོང་ཁྱེར་གྱིས་སྤྱི་སྤྱོད་རླངས་འཁོར་ཚོང་གཉེར་སྒྱུར་བཅོས་ལ་སྐུལ་འདེད་བཏང་ནས་གྲོང་ཁྱེར་གྱི་འགྲིམ་འགྲུལ་འཛུགས་སྐྲུན་དང་། སྤྱི་ཚོགས་སྤྱི་དམངས་ཀྱི་དགོས་མཁོ། སྐྱེལ་འདྲེན་ནུས་ཤུགས་བཀོད་སྒྲིག་བཅས་ལ་གཞི་བཙུགས་ཏེ་ནུས་ཁུངས་གསར་བའི་སྤྱི་སྤྱོད་རླངས་འཁོར་བཀོལ་སྤྱོད་བྱེད་རྒྱུ་ལག་བསྟར་བྱས་ཤིང་འབར་སྣུམ་གྱི་སྤྱི་སྤྱོད་རླངས་འཁོར་བཀོལ་སྤྱོད་བྱེད་ཐེངས་ཇེ་ཉུང་དུ་བཏང་བ་རེད།

འགྲིམ་འགྲུལ་སྐྱེལ་འདྲེན་ལྗང་མདོག་ཐྰན་ཉུང་ཕྱོགས་སུ་བསྒྱུར་ནས་སྨི་500རེའི་བར་དུ་སྤྱི་སྤྱོད་རླངས་འཁོར་འབབ་ཚིགས་རེ་ཡོད་པར་བྱས་ཤིང་། ནུས་ཤུགས་ཡོད་རྒུས་སྐྱེ་ཁམས་སྲུང་སྐྱོབ་ཀྱི་ལས་སུ་འབད་བཞིན་ཡོད།

གྲོང་ཁྱེར་གྱི་སྤྱི་སྤྱོད་རླངས་འཁོར་ཚོང་གཉེར་སྒྱུར་བཅོས་ནི་འབར་ཁམས་གྲོང་ཁྱེར་གྱི་ལྗང་མདོག་འཕེལ་རྒྱས་ཀྱི་བསྡུས་གཟུགས་ཤིག་ཡིན། ཉེ་བའི་ལོ་འགའི་རིང་། གྲོང་ཁྱེར་འདིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་བསམ་བློ་ལག་བསྟར་མཐའ་གཅིག་ཏུ་བྱས་ཏེ་སི་ཁྲོན་ནུབ་བྱང་གི་རྔ་བའི་སྐྱེ་ཁམས་དཔེ་སྟོན་ཁུལ་འཛུགས་སྐྲུན་བྱེད་པར་འབད་པ་བྱས་པར་མ་ཟད། མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་འདུ་ཤེས་ལྡན་པར་ཁྲིད་སྟོན་བྱས་ནས“གཅིག་འཕར་གཅིག་འཕྲི”ཡི་བྱ་ཐབས་གསར་གཏོད་བྱས་ནས“ཐིག་གསུམ་སྣ་གཅིག”གི་སྐྱེ་ཁམས་ཁོར་ཡུག་ཁུལ་དབྱེའི་དོ་དམ་ཚོད་འཛིན་ལམ་སྲོལ་དོན་འཁྱོལ་བྱས་ཏེ“ངོས་གཅིག་རྒྱུད་གཉིས”ཀྱི་འཕེལ་རྒྱས་མུ་མཐུད་གཏིང་ཟབ་ཏུ་བཏང་ཡོད།

2023ལོ་གཅིག་པུར། འབར་ཁམས་གྲོང་ཁྱེར་གྱིས་སྐྱེ་ཁམས་རྩྭ་ཐང་གི་བྱ་དགའི་ཁ་གསབ་མ་དངུལ་སྒོར་ཁྲི་1338བཏང་ནས་མུའུ་ཁྲི་1.8ལ་སྡོང་བོ་བཙུགས་པ་དང་། རྩྭ་ཐང་མུའུ་ཁྲི་80རུ་ཕྱུགས་སྐྱོང་བཀག་སྡོམ་བྱས་པར་མ་ཟད། ནགས་ཚལ་མུའུ་ཁྲི་254དོ་དམ་སྲུང་སྐྱོང་དོན་འཁྱོལ་བྱས་པ་དང་། མུའུ་ཁྲི་290.4རྩྭ་ཕྱུགས་དོ་སྙོམས་ལག་བསྟར་བྱས། དེ་མིན་ད་དུང་ཆུ་འགྲམ་དང་གཙང་འགྲམ་གྱི་རིང་ཐུང་སྤྱི་ལེ་3100ཙམ་ལ་གཙང་བཤེར་བྱས་ཤིང་། ཉ་ཕྲུག་ཁྲི་4.2ལྷག་ཚེ་ཐར་བཏང་། རི་མཐོན་པོ་དང་གྲོག་རོང་བར་གྱི་ནགས་ཚལ་དང་རྩྭ་ཐང་གི་ཕྱོགས་བསྡུས་ཀྱི་ལྗང་འགྱུར་བྱེད་ཚད་བརྒྱ་ཆའི་95ཡན་ཟིན་པ་དང་། རི་སྐྱེས་རྩི་ཤིང་དང་སྲོག་ཆགས་སྲུང་སྐྱོང་བྱེད་ཚད། འཁའ་རླུང་དྭངས་གཙང་བཅས་ཀྱི་ཚད་བརྒྱ་ཆའི་བརྒྱ་ཡིན་ལ། རླུང་ཁམས་ཆེན་མོ་དང་ཆུ། ས་གཤིས་སོགས་ཀྱི་སྤུས་ཚད་ལོ་ལྟར་ཇེ་ལེགས་སུ་འགྲོ་བཞིན་ཡོད་པས“རང་བྱུང་སྨན་མཛོད”ཀྱི་མཚན་སྙན་ཐོབ་ཡོད།

སྔོ་ལྗང་གི་རུ་ཆུ་ནི་རང་བྱུང་གི་རྒྱུ་ནོར་ཡིན་ལ་དཔལ་འབྱོར་གྱི་རྒྱུ་ནོར་ཡང་ཡིན།

རྒྱལ་ཁབ་ཀྱིས་ནུས་ཁུངས་གསར་བའི་ཐོན་ལས་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་སོང་བས། འབར་ཁམས་གྲོང་ཁྱེར་གྱིས་ལི་གཏེར་ཐོན་ཁུངས་གསར་སྤེལ་དང་ལས་སྣོན་ཞིབ་ཚགས་ཀྱི་ཐོན་ལས་སྦྲེལ་ཐག་སྔར་བས་རྒྱུན་མཐུད་བྱས་པ་དང་། ལི་ལས་རིགས་ཀྱི་ཐོན་ཁུངས་མ་རྩ་ཡི་མཉམ་ལས་སྟེགས་བུ་འཚོལ་ཞིབ་བྱས་ཏེ་མུ་མཐུད་དུ་ལིའི་རྒྱུ་ཆའི་རྟེན་གཞིའི་འཕེལ་རྒྱས་འཆར་འགོད་ལ་སྐུལ་འདེད་བཏང་ནས་དེང་རབས་སྐྱེ་ཁམས་བཟོ་ལས་གྲུབ་ཆ་རྒྱུན་མཐུད་ངང་ལེགས་འགྱུར་བྱུང་ཡོད།

དེ་དང་ཆབས་ཅིག ཆུ་མདོ་དང་ཚོ་བདུན་མཉམ་བསྲེས་རྣམ་པའི་ཆུ་འདྲེན་ནུས་གསོག་གློག་ཁང་གི་དུས་མགོའི་ལས་ཀ་སྤེལ་མགོ་ཚུགས་པ་དང་། ཆུ་ཆེན་དང་པྰ་ལ་ཆུ་འོད་གཞི་གཅིག་ཅན་གྱི་གློག་འདོན་ས་ཚིགས་འཛུགས་སྐྲུན་བྱེད་ཚད་ཇེ་མགྱོགས་སུ་བཏང་བར་མ་ཟད། འོད་འདོན་ཚད་སྟོང་ཝ་ཁྲི་བཞི་བཅུ་ལེགས་འགྲུབ་བྱུང་བ་དང་། པྰ་ལ་ཆུ་འོད་གཞི་གཅིག་ཅན་གྱི་ལས་གཞིའི་རྣམ་གྲངས་ཀྱི་ཇུས་གཞི་བཀོད་ནས་སྐྱེ་ཁམས་ཀྱི་རྨང་གཞི་མངོན་པའི་ལྗང་མདོག་གི་འབར་ཁམས་འཛུགས་སྐྲུན་ལ་སྐུལ་འདེད་བཏང་སྟེ་སྐྱེ་ཁམས་གྲགས་ཅན་གྱི་གྲོང་ཁྱེར་གཏོད་རྒྱུར་འབད་བཞིན་ཡོད།

ཐོན་ལས་གྲུབ་ཚུལ“ཡང་མོ”དང་འཕེལ་རྒྱས་གཏོད་སྟངས“ལྗང་མདོག”དུ་བསྒྱུར་ནས། སྐྱེ་ཁམས་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ་སྲུང་སྐྱོང་ཁྲོད་གསར་སྤེལ་དང་གསར་སྤེལ་ཁྲོད་སྲུང་སྐྱོང་བྱས་ནས་སྐྱེ་ཁམས་དང་དཔལ་འབྱོར་མཉམ་འདྲེས་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བསྐྱོད་ནས། གནམ་སྔོན་པོ་དང་ས་སྔོ་ལྗང་། ཆུ་དྭངས་མོ་བཅས་ཀྱི་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་བཏོད་དེ་སྐྱེ་ཁམས་མཛེས་ཤིང་ཐོན་ལས་ལེགས་པ། མང་ཚོགས་འབྱོར་ཕྱུག་ལྡན་པ་བཅས་ཀྱི་འཕེལ་རྒྱས་བཟང་བོའི་ལམ་བུར་བསྐྱོད་བཞིན་ཡོད།

ད་སྐབས། རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་6633ཡོད་པའི་རི་ཁུལ་དང་ནགས་ཁུལ། མཐོ་སྒང་གི་རྩྭ་ཐང་སོགས་ཀྱི་སྐྱེ་ཁམས་གཙོར་བྱས་ཏེ་འབར་ཁམས་གྲོང་ཁྱེར་གྱི་སྐྱེ་ཁམས་དཔལ་ཡོན་གྱི་རི་མོ་གསར་བ་འབྲི་བར་བརྩོན་བཞིན་ཡོད།