འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ9པའི་ཚེས9ཉིན་གྱི་སྔ་དྲོ། གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཧྲེ་ཀྲང་ལའོ་ཆིན་འུའུ་ཡིས་གྲོང་ཁྱེར་ཡོངས་ཀྱི་ནོར་སྲིད་ལས་དོན་ལ་ཤུགས་སྣོན་དང་སྐུལ་འདེད་གཏོང་བའི་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་བ་རེད། ཚོགས་འདུའི་ཐོག་བོད་རང་སྐྱོང་ལྗོངས་ནོར་སྲིད་ཐིང་གི2025ལོའི་སྔོན་རྩིས་བཟོ་འགོད་བཀོད་སྒྲིག་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། 2024ལོའི་ཆབ་མདོ་གྲོང་ཁྱེར་གྱི་བུ་ལོན་དོ་དམ་ལས་དོན་སྐོར་གྱི་སྙན་ཞུར་གསན་པ་རེད།
ལའོ་ཆིན་འུའུ་ཡིས་འདི་ལོ་ཤར་ཚུན་གྲོང་ཁྱེར་ཡོངས་ཀྱི་རིམ་ཁག་སྡེ་ཚན་ཁག་གིས་ནོར་སྲིད་ལས་དོན་དང་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་པ་དང་། ཏང་སྲིད་ལས་ཁུངས་ཀྱི“འཚོ་བ་སྐྱེལ་མཁས་པའི”བླང་བྱ་དོན་འཁྱོལ་ཏན་ཏིག་བྱེད་པ། རྣམ་གྲངས་མཛོད་ཏན་ཏིག་བཟོ་བ་དང་། ཐོན་ཁུངས་སྤྱི་འདོམས་ལ་ཤུགས་སྣོན་རྒྱག་པ། སྔོན་རྩིས་ལག་བསྟར་གཏིང་ཟབ་ཏུ་གཏོང་བ་སོགས་ཀྱི་ཐད་སྒྱུར་བཅོས་རྒྱུན་མཐུད་གཏིང་ཟབ་ཏུ་གཏོང་བ། ནོར་སྲིད་ཚན་རིག་དང་མཐུན་པའི་སྒོ་ནས་དོ་དམ་བྱེད་པ་དང་ནོར་སྲིད་སྒྲིག་ཁྲིམས་ནན་དུ་གཏོང་རྒྱུར་སྐུལ་འདེད་ནུས་ལྡན་གཏོང་བ་བཅས་བྱས་པས་གྲོང་ཁྱེར་ཡོངས་ཀྱི་ནོར་སྲིད་ལས་དོན་ལ་གྲུབ་འབྲས་གསར་པ་ཐོབ་པ་དང་གོམ་སྟབས་གསར་པ་སྤོས་ཡོད་ཅེས་གསུངས་པ་རེད།
ལའོ་ཆིན་འུའུ་ཡིས་མིག་སྔར་གྲོང་ཁྱེར་ཡོངས་ཀྱི་ནོར་སྲིད་ལས་དོན་དེ་དུས་མཚམས་གསར་པར་སླེབས་ནས་འགོ་འཛུགས་ས་གསར་པའི་ཐོག་ལངས་པ་དང་འགན་འཁྲི་གསར་པ་ཕྲག་ཏུ་འཁུར་བར་བརྟེན་ནོར་སྲིད་ཀྱི་འགན་ལེན་ནུས་པ་དེ་བས་ཆེ་བ་དང་། སྔོན་རྩིས་དོ་དམ་གྱི་ཆུ་ཚད་དེ་བས་མཐོ་བ།
ཉེན་ཁ་སྔོན་འགོག་ཚོད་འཛིན་གྱི་བྱེད་ཐབས་དེ་བས་ལེགས་པ་བཅས་དགོས་ཀྱི་ཡོད། ཏང་གི་འགོ་ཁྲིད་མཐའ་འཁྱོངས་བྱས་ནས་ནོར་སྲིད་ཀྱི་ལས་དོན་སྒྲུབ་པར་དཔལ་འབྱོར་གྱི་རྩིས་རྒྱག་དགོས་ལ་ཆབ་སྲིད་ཀྱི་རྩིས་ཀྱང་རྒྱག་དགོས། ནོར་སྲིད་ལས་དོན་གྱི་ཆབ་སྲིད་རང་བཞིན་དང་མི་དམངས་རང་བཞིན་ལ་སྟངས་འཛིན་གཏིང་ཟབ་བྱེད་པ་དང་། སྲིད་ཀྱིས་ནོར་སྲིད་སྣེ་ཁྲིད་དང་། ནོར་སྲིད་ཀྱིས་སྲིད་སྐྱོང་ལ་རམ་འདེགས་བྱ་རྒྱུར་མཐའ་འཁྱོངས་བྱེད་པ། མ་ལག་རང་བཞིན་དང་ས་ཁོངས་རང་བཞིན་གྱི་ཉེན་ཁ་མི་ཐོན་པའི་མཐའ་ཚད་བརྟན་སྲུང་བྱེད་པ། སྔོན་རྩིས་བཀོད་སྒྲིག་འཆར་འགོད་བྱེད་པ་དང་སྔོན་རྩིས་ལག་བསྟར་དམ་འཛིན་བྱེད་པ། ནོར་ཁྲལ་སྒྱུར་བཅོས་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། འབབ་བཟོ་གཏོང་མཁས་ལ་དམ་འཛིན་ཡག་པོ་བྱས་ནས “རྩིས་གཞོང”ཡག་པོ་བྱེད་པ། “སྡེབ་གཅིག”ལ་དོ་དམ་བྱེད་པ། “ཁ་ཤོར་བ”སྔོན་འགོག་བྱེད་པ་བཅས་ལ་དམིགས་ཏེ། ཚད་ཡོད་ཀྱི་ནོར་ཤུགས་སྤྱད་དེ་དམངས་འཚོར་ཕན་པ་དང་། དམངས་སེམས་དྲོ་བ། དམངས་ཀྱི་འདོད་བློ་དང་མཐུན་པ་བཅས་ཀྱི་བྱ་བ་བཟང་པོ་དང་བྱ་བ་དངོས་མང་ཙམ་བསྒྲུབ་དགོས། སྒྲིག་སྲོལ་དང་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་ནོར་དོན་རྩིས་གཉེར་གྱི་ལྟ་སྐུལ་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུའི་བསམ་འཆར་དོན་འཁྱོལ་ནན་པོ་བྱས་ཏེ་ནོར་དོན་རྩིས་གཉེར་གྱི་ཆེད་དོན་བྱ་སྤྱོད་སྤེལ་ནས་ནོར་དཔལ་གྱི་སྒྲིག་ཁྲིམས་ལ་སྲུང་སྐྱོང་བྱེད་དགོས། ནོར་སྲིད་གཏོང་སྒོའི་ཚད་གཞིའི་མ་ལག་གང་མགྱོགས་འཛུགས་པ་དང་། སྤོ་སྤྲོད་ལམ་ལུགས་འཐུས་ཚང་དུ་གཏོང་བ། མ་དངུལ་གཏོང་སྒོར་བྱ་དགའ་ཆད་གཅོད་ཀྱི་སྐུལ་སློང་ལམ་ལུགས་འཐུས་ཚང་དུ་གཏོང་བ་བཅས་བྱ་དགོས། 2025ལོའི་སྔོན་རྩིས་བཟོ་འགོད་ཡག་པོ་དང་དངོས་སུ་བཟོས་ནས་མ་དངུལ་གཏོང་སྒོ་ཡོད་ཚད“དོན་ཆེན་བཞི”ལ་དམིགས་པ་དང་། གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གི་ལྟེ་བའི་ལས་ཀར་དམིགས་པ། དམངས་འཚོ་འགན་སྲུང་དང་ལེགས་བཅོས་ལ་དམིགས་པ་བཅས་རྒྱུན་འཁྱོངས་བྱས་ཏེ། སྡེ་ཁག་གི་སྔོན་རྩིས་བཟོ་འགོད་དེ་ལས་ཁུངས་ཀྱི་ཉིན་རེའི་གྲོས་རིམ་གལ་ཆེན་ནང་འཇོག་པ་དང་། སྡེ་ཁག་གི་སྔོན་རྩིས་བཟོ་འགོད་ཀྱི་སྔོན་དཔག་རང་བཞིན་སྔར་བས་ཇེ་དྲག་ཏུ་བཏང་སྟེ། “ཆད་ཆ”མི་འཇོག་པ་དང་། ལོ་དཀྱིལ་དུ་ཁ་སྣོན་བྱ་དགོས་པའི་དོན་དག་ཇེ་ཉུང་དུ་གཏོང་དགོས། ནོར་སྲིད་དཔུང་ཁག་གི་རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་འཇོན་ཐང་ལ་བརྟེན་ནས་ལས་བྱེད་པ་བཀོལ་སྤྱོད་བྱེད་པ་དང་། བྱས་རྗེས་ལ་བརྟེན་ནས་དཔའ་བོ་ཡིན་མིན་ལྟ་བའི་མི་སྤྱོད་ཀྱི་ཕྱོགས་སྟོན་གསལ་པོ་བཙུགས་ཏེ་ནོར་སྲིད་ཀྱི་ལས་བྱེད་པ་དང་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་རྒྱུར་མཐོང་ཆེན་བྱེད་པ་དང་། བོད་སྐྱོར་བྱེད་ཤུགས་བརྩོན་ལེན་ཧུར་ཐག་བྱེད་པ། ནོར་སྲིད་མི་སྣ་བལྟོས་བཅས་ཀྱིས་བརྟན་པོ་ཡོང་བའི་སྲིད་ཇུས་ལ་ཞིབ་འཇུག་གཏིང་ཟབ་དང་ཚོད་ལྟ་ཁྱབ་སྤེལ་བཏང་སྟེ་ནོར་སྲིད་ལས་དོན་གྱི་རྒྱུན་མཐུད་རང་བཞིན་འགན་ལེན་ཐུབ་པ་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
ཚོགས་འདུའི་ཐོག་ད་དུང་སྤྱི་ཟླ1པོ་ནས8པའི་བར་གྱི་སྔོན་རྩིས་ལག་ལེན་བསྟར་ཚུལ་དང་2025ལོའི་སྔོན་རྩིས་བཟོ་བའི་བླང་བྱ་བརྡ་ཁྱབ་བཏང་བ་རེད།