འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ།9ཚེས2ཉིན། ཁྲུང་ཆིང་གསོ་རིག་ཚན་ཁག་སློབ་ཆེན་གྱི་ཞོར་གཏོགས་བྱིས་པའི་སྨན་ཁང་གི་ཡོན་ཀྲང་ཧྭ་ཙི་ཡུས་ཀྱིས་སྣེ་ཁྲིད་པའི་ཆེད་མཁས་ཚོགས་པས་ཆབ་མདོ་གྲོང་ཁྱེར་མི་དམངས་སྨན་ཁང་དུ་བྱིས་པའི་ལྷན་སྐྱེས་སྙིང་ནད་ལ་གཤགས་བཅོས་ཐེངས་དང་པོར་བྱས་པ་རེད།
ད་ཐེངས་ཀྱི་གཤགས་བཅོས་ནི་ངེད་གྲོང་ཁྱེར་གྱི་བྱིས་པའི་ལྷན་སྐྱེས་སྙིང་ནད་ལ་གཤགས་བཅོས་བྱེད་ཐེངས་དང་པོ་ཡིན་པས།ཁྲུང་ཆིང་གསོ་རིག་ཚན་ཁག་སློབ་ཆེན་གྱི་ཞོར་གཏོགས་བྱིས་པའི་སྨན་ཁང་དང་ཆབ་མདོ་གྲོང་ཁྱེར་མི་དམངས་སྨན་ཁང་གིས་ཚད་མཐོའི་མཐོང་ཆེན་བྱས་ཏེ།ཁྲུང་ཆིང་གསོ་རིག་ཚན་ཁག་སློབ་ཆེན་གྱི་ཞོར་གཏོགས་བྱིས་པའི་སྨན་ཁང་གིས་བྲང་ཁའི་ཕྱི་ནད་ཚན་ཁག་དང་།སྙིང་ཁམས་ཁྲག་རྩའི་ཚན་ཁག སྦྲིད་སྨན་ཚན་ཁག་སོགས་ཀྱི་ཚན་ཁག་གི་མི11གི་ཆེད་མཁས་ཚོགས་པ་བཙུགས་པ་དང་། ཆབ་མདོ་གྲོང་ཁྱེར་མི་དམངས་སྨན་ཁང་གི་སྨན་བཅོས་ལས་དོན་ཚན་ཁག་དང་། སྨན་གཡོག་ཁང་། སྦྲིད་སྨན་ཚན་ཁག བྱིས་པ་ཚན་ཁག ནད་ལྕིའི་གསོ་རིག་ཚན་ཁག་སོགས་ཀྱིས་ནུས་ཤུགས་ཡོད་རྒུས་གཞོགས་འདེགས་བྱས་ཏེ། ཆེད་མཁས་ཚོས་ནད་དཔྱད་བྱས་མཐར། གཤག་བཅོས་ཀྱི་ཇུས་གཞི་ཡག་པོ་བཟོས་ནས། DSAབརྒྱུད་འགག་གཤག་བཅོས་བྱས་པ་དང་། འཇུ་ལམ་བརྒྱུད་ནས་གཤགས་བཅོས་ཀྱི་ཁྲིད་སྟོན་བྱས་ཡོད། སྤྱི་ཟླ9ཚེས3ཉིན། ཕྲུ་གུ་གཉིས་སྔ་རྗེས་སུ་གཤག་བཅོས་ཁང་དུ་བསྐྱལ་ནས།ལྷན་སྐྱེས་སྙིང་ནད་གཤག་བཅོས་དང་ལེན་བྱས་པ་རེད།
བྱིས་པའི་ལྷན་སྐྱེས་སྙིང་ནད་ཀྱིས་བྱིས་པའི་སྐྱེ་འཚར་ལ་གནོད་རྐྱེན་ཐེབས་པ་མ་ཟད།བྱིས་པའི་བདེ་ཐང་དང་ཚེ་སྲོག་ལ་འཇིགས་སྐུལ་ཚབས་ཆེན་བཟོས་ཡོད། སྲོལ་རྒྱུན་གྱི་གཤགས་བཅོས་སྨན་བཅོས་བྱེད་སྐབས་བྲང་ཁ་ཕྱེ་སྟངས་སྤྱད་དེ། རྨ་སྐྱོན་ཆེ་བ་དང་།རྨ་ཁ་སླར་གསོ་དཀའ་བ་བཅས་ཡོད།འོན་ཀྱང་བྱིས་པའི་ཁྲག་རྩ་ཅུང་གུ་དོག་པོ་དང་།བཀོལ་སྤྱོད་བར་མཐོངས་ཆུང་བ།དཀའ་ཚད་ཆེ་བ་བཅས་རྐྱེན་གྱིས་སྨན་པར་ཡང་བླང་བྱ་དེ་བས་མཐོ་བ་བཏོན་ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན།ཁྲུང་ཆིང་གསོ་རིག་ཚན་ཁག་སློབ་ཆེན་གྱི་ཞོར་གཏོགས་བྱིས་པའི་སྨན་ཁང་གིས2017ལོ་ནས་བཟུང“ཁྲུང་བོད་དབར་གྱི་བརྩེ་བ་ཟབ། གཅིག་སེམས་གཅིག་གཏད་”ཅེས་པའི་ལྷན་སྐྱེས་སྙིང་ནད་སྨན་བཅོས་བྱེད་སྒོ་སྤེལ་འགོ་ཚུགས་ཤིང་། ཁྱོན་བསྡོམ་རིམ་ཁག་བདུན་ལ་དབྱེ་ནས་ལྷན་སྐྱེས་སྙིང་ནད་ཕོག་པའི་བྱིས་པ102ལ་ཁྲུང་ཆིང་གསོ་རིག་ཚན་ཁག་སློབ་ཆེན་གྱི་ཞོར་གཏོགས་བྱིས་པའི་སྨན་ཁང་གིས་སྨན་རིན་མི་དགོས་པར་སྨན་བཅོས་བྱས་ཡོད་པ་རེད།