འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ།ཟླ་8པའི་ཚེས་23ཉིན་གྱི་ཕྱི་དྲོ། གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། ཧྲི་ཀྲང་ལའོ་ཆིན་འུའུ་ཡིས་ཚེ་རྡོ་དང་ཁྱི་ལོད་གྲགས་པ་སོགས་ཆབ་མདོ་གྲོང་ཁྱེར་གྱི་དྲིལ་བསྒྲགས་ངོ་སྤྲོད་བརྡར་པ་11དང་མཇལ་འཕྲད་གནང་ནས་ཁོང་ཚོས་ཆབ་མདོ་གྲོང་ཁྱེར་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་གྲོང་ཁྱེར་གྱི་གཟུགས་བརྙན་མཐོ་རུ་གཏོང་ཆེད་ལེགས་སྐྱེས་ཧུར་ཐག་ཕུལ་བར་ཁས་ལེན་གང་ལེགས་གནང་བ་རེད།
ལའོ་ཆིན་འུའུ་ཡིས་ཚེ་རྡོ་དང་། ཁྱི་ལོད་གྲགས་པ། དཔལ་ཁྱུང་། ཕེང་ཧུང་། ཚེ་རིང་གཡང་མཚོ། མགོན་པོ་བཀྲ་ཤིས། སྲི་ཐར་རྡོ་རྗེ། ལི་ཀོང་། ཀྲོའུ་ཐིང་ཐིང་། ཟླ་བ་གྲགས་པ། ཆོས་མཚོ་སོགས་བརྡར་པ་11གི་ཆབ་མདོའི་དྲིལ་བསྒྲགས་ངོ་སྤྲོད་བྱས་ཚུལ་གྱི་ངོ་སྤྲོད་ནན་ཏན་གྱིས་གསན་པ་དང་། ཁོང་ཚོར་རེ་རེ་བཞིན་ཁ་བཏགས་ཕུལ་བ་དང་གཟི་བརྗིད་མཚན་སྙན་ལག་ཁྱེར་དང་བྱ་དགའི་བུམ་པ་སྤྲད་ནས། ཁོང་ཚོས་དུས་ཡུན་རིང་པོའི་ནང་ཆབ་མདོའི་འཕེལ་རྒྱས་ལ་དོ་ཁུར་དང་རྒྱབ་སྐྱོར་གནང་བ་དང་ཆབ་མདོའི་གྲོང་ཁྱེར་གྱི་གཟུགས་བརྙན་ལེགས་སུ་བཏང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་བ་ཡིན་ཞེས་གསུངས་པ་རེད།
ལའོ་ཆིན་འུའུ་ཡིས་ཆབ་མདོ་ནི་ཁམས་པའི་རིག་གནས་ཀྱི་ལྟེ་བ་དང་མེས་རྒྱལ་ནང་སའི་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཀྱི་སྒོ་མོ་གལ་ཆེན་ཞིག་ཡིན་ཞིང་དེར་རིན་ཐང་ཧ་ཅང་ཆེ་བའི་གནའ་རབས་ཀྱི་ཤུལ་བཞག་དང་མི་ཆོས་ཡུལ་ལྗོངས་མང་པོ་ཡོད། ཏང་གི་འགོ་ཁྲིད་བརྟན་པོའི་འོག་དུས་ཐུང་ལོ་བཅུ་ཕྲག་ཁ་ཤས་ནང་ལོ་ངོ་སྟོང་ཕྲག་ལས་བརྒལ་བའི་འགྱུར་ལྡོག་ཆེན་པོ་བྱུང་ཡོད། མིག་སྔར་ཆབ་མདོ་འཕེལ་རྒྱས་གཏོང་བའི་སྲིད་ཇུས་ཀྱི་ལེགས་ཆ་དང་། གནས་ཡུལ་གྱི་ལེགས་ཆ། ཐོན་ཁུངས་ཀྱི་ལེགས་ཆ། རྗེས་ཐོན་གྱི་ལེགས་ཆ་བཅས་ཆེར་འགྲོ་བཞིན་ཡོད་པས་ཆབ་མདོའི་ཕྱི་ཕྱོགས་ཀྱི་གཟུགས་བརྙན་གསར་པ་ཁྱབ་སྤེལ་དྲིལ་བསྒྲགས་དང་ཆབ་མདོའི་གྲོང་ཁྱེར་དང་གྲོང་གསེབ་འཕེལ་རྒྱས་ཀྱི་གཏམ་རྒྱུད་གསར་པ་ཡག་པོ་ཤོད་རྒྱུར་སྟེགས་བུ་རྒྱ་ཆེན་པོ་དང་གོ་སྐབས་རྩ་ཆེན་པོ་མཁོ་འདོན་བྱས་པ་རེད་ཅེས་བསྟན་གནང་ཡོད།
ལའོ་ཆིན་འུའུ་ཡིས་རྒྱ་ཆེའི་དྲིལ་བསྒྲགས་ངོ་སྤྲོད་འཇོན་མིས་དྲིལ་བསྒྲགས་དང་བསམ་བློ་རིག་གནས་ལས་དོན་གྱི་ཁ་ཕྱོགས་ཡང་དག་པ་ཁོང་དུ་ཆུད་པ་དང་། དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་འཕེལ་བར་རོགས་རམ་བྱེད་པའི་ཟམ་པ་ལྟ་བུའི་ནུས་པ་འདོན་སྤེལ་བྱེད་པ། ཐོག་མཐའ་བར་གསུམ་དུ་དུས་རབས་ཀྱི་མདུན་གྲལ་དུ་ལངས་ནས་འཕེལ་རྒྱས་འགྲོ་ཕྱོགས་དང་བསྟུན་ཏེ་ཆབ་མདོ་དྲིལ་བསྒྲགས་བྱེད་པའི་དུས་རབས་ཀྱི་ལས་འགན་དང་འགན་འཁྲི་རང་རྟོགས་ངང་ཁུར་ནས“འབྲེལ་བ་གསུམ”ཐག་གཅོད་ཡང་དག་པ་བྱས་ཏེ་ཆབ་མདོའི་གཏམ་རྒྱུད་ཡག་པོ་བཤད་ཆེད་དེ་བས་མང་བ་དང་། དེ་བས་ལེགས་པ། དེ་བས་མང་ཚོགས་དང་འབྲེལ་བའི་དཔྱད་གཞི་གསར་པ་སྔོག་འདོན་བྱས་ཏེ་ཕྱོགས་ཡོངས་དང་ཟུར་ཚད་མང་པོའི་ཐོག་ནས་རྒྱལ་ཡོངས་མི་དམངས་ལ་ཆབ་མདོའི་བརྗིད་ཉམས་ལྡན་པའི་མཛེས་ལྗོངས་དང་ཕུན་སུམ་ཚོགས་པའི་རིག་གནས་མངོན་པ་བྱས་ནས་ཆབ་མདོའི་སྤྱི་ཚོགས་ཞི་མཐུན་ལ་ལེགས་སྐྱེས་འབུལ་མཁན་དང་། དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་མཁན། ཤེས་དཔལ་དྲིལ་བསྒྲགས་ངོ་སྤྲོད་གནང་མཁན་བཅས་བྱས་ཏེ། ཆབ་མདོའི་དྲིལ་བསྒྲགས་དང་འོས་སྦྱོར་ལས་དོན་གྱི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་པའི་རེ་བ་ཡོད་ཅེས་གསུངས་པ་རེད།
ལའོ་ཆིན་འུའུ་ཡིས་གྲོང་ཁྱེར་ཡོངས་ཀྱི་རིམ་ཁག་དྲིལ་བསྒྲགས་དང་བསམ་བློ་རིག་གནས་སྡེ་ཚན་གྱིས་འགན་སྲུང་ལམ་སྲོལ་ཁག་སྔར་བས་འཐུས་ཚང་དུ་བཏང་ནས་སེམས་ཤུགས་བརྩེ་གསུམ་སྤྱད་དེ་དྲིལ་བསྒྲགས་ངོ་སྤྲོད་འཇོན་མིས་ལས་དོན་ལ་སྐུལ་འདེད་གཏོང་བའི་བརྒྱུད་རིམ་ནང་འཕྲད་པའི་དཀའ་གནད་དང་གནད་དོན་ཐག་གཅོད་ཡག་པོ་བྱས་ཏེ་ཆབ་སྲིད་ཐོག་ཡིད་ཆེས་བརྟན་པོ་དང་། ལས་དོན་ཐོག་འགན་སྲུང་རྒྱབ་སྐྱོར། དོ་དམ་ཐོག་སྟབས་བསྟུན་གང་འཚམ་བཅས་བྱས་ནས་ཁོང་ཚོས་གྲོང་ཁྱེར་ཏང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གི་ལྟེ་བའི་ལས་དོན་ལ་རང་འགུལ་ངང་ཞབས་འདེགས་ཞུ་རྒྱུར་ཁྲིད་སྟོན་བྱས་ཏེ་ཆབ་མདོ་ཡུན་རིང་བདེ་འགོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་དགོས་པའི་བླང་བྱ་བཏོན་པ་རེད།
དྲིལ་བསྒྲགས་ངོ་སྤྲོད་ཀྱི་འཐུས་མི་ཚེ་རྡོ་དང་། ཁྱི་ལོད་གྲགས་པ། དཔལ་ཁྱུང་སོགས་ཀྱིས་ལས་ཀའི་དོན་དངོས་དང་ཟུང་འབྲེལ་བྱས་ནས་གོམ་སྟབས་རྗེས་མར་ཆབ་མདོའི་དྲིལ་བསྒྲགས་ངོ་སྤྲོད་ལས་དོན་ཡག་པོ་བསྒྲུབ་རྒྱུའི་ཐད་སྤེལ་རེས་གཏམ་བཤད་གནང་བ་རེད།
གྲོང་ཨུད་དྲིལ་བསྒྲགས་པུའུ་དང་གྲོང་ཨུད་དྲ་འཕྲིན་གཞུང་དོན་ཁང་། གྲོང་ཁྱེར་རིག་གནས་དང་ཡུལ་སྐོར་ཅུད། གྲོང་ཁྱེར་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་བཅས་ཀྱི་འབྲེལ་ཡོད་འགན་འཁུར་བ་མཇལ་འཕྲད་ལ་ཞུགས་པ་རེད།