འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ།ཟླ8ཚེས9ཉིན་གྱི་སྔ་དྲོ།གྲོང་ཁྱེར་སྲིད་གཞུང་གསར་འགྱུར་གཞུང་ལས་ཁང་གིས་གཙང་གསུམ་ཇ་རྟའི་རིག་གནས་སྒྱུ་རྩལ་དུས་ཆེན་སྐབས་བཅུ་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ཤིང་།གྲོང་ཨུད་ཀྱི་དྲུང་ཆེ་གཞོན་པ་ལི་ཝུན་ཤིན་གྱིས་སྐབས་འདིའི་སྒྱུ་རྩལ་དུས་ཆེན་གྱི་གྲ་སྒྲིག་གནས་ཚུལ་དང་བྱེད་སྒོའི་ནང་དོན་ཐད་སྤྱི་ཡོངས་ནས་ངོ་སྤྲོད་བྱས་པ་དང་རིག་རྩལ་བྱེད་སྒོ་ཚོགས་ཆུང་དང་།རིག་གནས་ཡུལ་སྐོར་ཚོང་འགུགས་འོས་སྦྱོར་ཚོགས་ཆུང་།གྲོང་གསེབ་དར་རྒྱས་ཐོན་ལས་འཕེལ་རྒྱས་ཀྱི་གྲུབ་འབྲས་འོས་སྦྱོར་ཚོགས་ཆུང་བཅས་ཀྱི་འབྲེལ་ཡོད་འགན་འཁུར་བློ་མཐུན་གྱིས་གསར་འགོད་པའི་དྲི་བར་ལན་བཏབ་པ་རེད།
སྐབས་འདིའི་སྒྱུ་རྩལ་དུས་ཆེན་ནི་ཀྲུང་གུང་ཆབ་མདོ་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་དང་ཆབ་མདོ་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས་གཙོ་གཉེར་བྱས་པ་དང་། ཆབ་མདོ་གྲོང་ཁྱེར་གྱི་གཙང་གསུམ་ཇ་རྟའི་རིག་གནས་སྒྱུ་རྩལ་དུས་ཆེན་སྐབས་བཅུ་པའི་སྒྲིག་འཛུགས་ཨུ་ལྷན་དང་ཧྥུའུ་ཅན་ཞིང་ཆེན་གྱི་ཁག་བཅུ་པའི་བོད་སྐྱོར་ལས་དོན་རུ་ཁག་གིས་གཉེར་འགན་འཁུར་བའི་ཆབ་མདོ་གྲོང་ཁྱེར་གྱི་གཙང་གསུམ་ཇ་རྟའི་རིག་གནས་སྒྱུ་རྩལ་དུས་ཆེན་སྐབས་བཅུ་པ་2024ལོའི་ཟླ་8ཚེས་19ཉིན་ནས་ཟླ་8ཚེས་21ཉིན་བར་ཆབ་མདོ་གྲོང་ཁྱེར་ཁ་རུབ་ཆུས་སུ་གཉེར་རྒྱུ་ཡིན་པ་རེད། ད་རེས་རིག་གནས་ཡུལ་སྐོར་དང་ཚོང་གཉེར་ལུས་རྩལ། གྲོང་གསེབ་དར་རྒྱས་ཀྱི་གྲུབ་འབྲས་འོས་སྦྱོར་སོགས་བྱེད་སྒོ་རིགས་ཆེན་པོ་དྲུག་དང་སྣ་ཁ་བཅུ་གཅིག་ཙམ་སྤེལ་འཆར་ཡོད་པ་དང་། དེའི་རིང་ཕ་ཁི་སི་ཐན་དང་བལ་ཡུལ། འབྲུག་ཡུལ་སོགས་རྒྱལ་ཕྱིའི་ཁེ་ལས46ཙམ་ཚོང་ཚོགས་བསྒྲིགས་ནས་ཆབ་མདོར་ཚོང་གཉེར་སྤེལ་རེས་བྱེད་པར་ཡོང་རྒྱུ་ཡིན་ལ། ཁྲུང་ཆིང་གྲོང་ཁྱེར་དང་ཐེན་ཅིན་གྲོང་ཁྱེར། ཧྥུའུ་ཅན་ཞིང་ཆེན་སོགས་ལྗོངས་ཕྱིའི་ཁེ་ལས50ཙམ་ཆབ་མདོར་རིག་གནས་ཡུལ་སྐོར་གྱི་ཚོང་འགུགས་འོས་སྦྱོར་བྱེད་སྒོར་ཕེབས་རྒྱུ་དང་།
གྲོང་ཁྱེར་ཡོངས་ཀྱི་རྫོང་ཆུས11ནས་ཁེ་ལས་དང་མཉམ་ལས་ཁང200ལྷག་གི་ཚོང་རྫས་སྤུས་དག་སྣ་ཁ1000ལྷག་གྲོང་གསེབ་དར་རྒྱས་ཀྱི་གྲུབ་འབྲས་འོས་སྦྱོར་བྱེད་སྒོའི་ཐོག་བཤམ་རྒྱུ་ཡིན་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ཟླ8ཚེས19ཉིན་གྱི་འགོ་ཚུགས་མཛད་སྒོའི་ཐོག་ཧང་སངས་དགོས་པའི་རྟེན་འབྲེལ་གྱི་གླུ་གར་ཆེ་གྲས་ཤིག་གྲ་སྒྲིག་བྱས་ཡོད་པ་དེས་བོད་སྐྱོར་བྱས་ནས་ལོ་ངོ30འཁོར་བ་དང་། གཙང་གསུམ་ས་ཁོངས་ཀྱི་རིག་གནས། ཇ་རྟའི་ཚོང་ལམ་སོགས་ཀྱི་ནང་དོན་ལ་དམིགས་ནས་སྲོལ་རྒྱུན་དང་དེང་རབས་ཀྱི་ཁྱད་ཆོས་ཟུང་འབྲེལ་ཐོག་ནས་ཇ་རྟའི་ཚོང་ལམ་གྱི་འཁྲུག་ཆ་དོད་པའི་རྣམ་པ་མངོན་རྒྱུ་ཡིན་པ་རེད།
རིག་གནས་དང་ཡུལ་སྐོར་གྱི་ཚོང་འགུགས་ཆེད་དོན་འོས་སྦྱོར་ཚོགས་འདུ་ནི“ངོ་མཚར་ཆེ་བའི་ཁམས་པ། བདེ་སྐྱིད་ལྡན་པའི་ཆབ་མདོ”ཞེས་པ་བརྗོད་དོན་གཙོ་བོར་བྱས་ཏེ་སྤྱི་ཟླ8ཚེས20ཉིན་འཚོག་རྒྱུ་རེད། གཙོ་བོར་ཆབ་མདོའི་ཐུན་མོང་མ་ཡིན་པའི་ཡུལ་སྐོར་མཛེས་ལྗོངས་དང་ཁམས་པའི་རིག་གནས་གཙོ་གནད་ཐོག་འོས་སྦྱོར་བྱ་རྒྱུ་དང་། ཆབ་མདོའི་རང་ཡུལ་གྱི་ལེགས་ལྡན་ཐོན་ཁུངས་དང་མ་འཇོག་ཁོར་ཡུག་གང་ལེགས་མངོན་པ། རིག་གནས་ཡུལ་སྐོར་གྱི་ཚོང་འགུགས་རྣམ་གྲངས་ཁག་ཅིག་ལ་མིང་རྟགས་འགོད་རྒྱུར་བརྩོན་ལེན་བྱ་རྒྱུ་དང་། དངོས་ཡོད་སྟོབས་ཤུགས་ལྡན་པའི་ཁེ་ལས་རྣམས་ཆབ་མདོར་མ་འཇོག་ལས་གཏོད་བྱ་རྒྱུའི་འདུན་པ་བཀུག་ནས། ཆབ་མདོ་གྲོང་ཁྱེར་གྱིས་ལེགས་ལྡན་ཐོན་ལས་འཕེལ་རྒྱས་ལ་སྔར་བས་སྐུལ་འདེད་བཏང་སྟེ་ས་ཁོངས་དཔལ་འབྱོར་འཕེལ་རྒྱས་ལ་ཐུན་མོང་ཐོག་སྐུལ་འདེད་གཏོང་རྒྱུ་རེད།
གྲོང་གསེབ་དར་རྒྱས་ཐོན་ལས་འཕེལ་རྒྱས་ཀྱི་གྲུབ་འབྲས་འོས་སྦྱོར་ངོ་སྤྲོད་བྱེད་སྒོ་དེ་ཟླ8ཚེས19ནས21ཉིན་བར་ཐེན་ཅིན་ཐང་ཆེན་དུ་སྤེལ་རྒྱུ་དང་། བྱེད་སྒོའི་ནང་ཁ་གཏད་བོད་སྐྱོར་བྱེད་མཁན་ཞིང་ཆེན་དང་གྲོང་ཁྱེར། ཆབ་མདོ་གྲོང་ཁྱེར་གྱི་རྫོང(ཆུས)11གི་ཁེ་ལས་དང་མཉམ་ལས་ཁང200ལྷག་གདན་འདྲེན་ཞུས་ནས་ལྷོ་རོང་གི་རྩམ་པ་དང་དཔའ་ཤོད་ཀྱི་བྲ་བོ། བོད་ཕག་ཤ་དང་རི་བོ་ཆེའི་ཟོག་ཤ། གོ་འཇོའི་ཨ་དབང་ལུག་ཤ་སོགས་དང་། བོད་བཟོའི་ཁྱིམ་ཆས་དང་གསེར་དངུལ་གྱི་རྒྱན་ཆས། ད་དུང་ནགས་འོག་ཐོན་ཁུངས་ཐོན་རྫས་བེ་ཤ་སོགས་དང་ཐང་ག་དང་བོད་ཡིག་ཡིག་གཟུགས། ས་མཐོའི་ཆུ་གཙང་མ་དང་པད་ཁའི་ཟས་སྣུམ། རྒུན་ཆང་སོགས་སྣ་ཁ་མང་པོ་བཙོང་རྒྱུ་ཡོད་པ་རེད། མིག་སྔར་ལས་དོན་ཁག་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད།
བོད་ལྗོངས་ཉིན་རེའི་ཚགས་པར་དང་། བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས། ཆབ་མདོ་གྲོང་ཁྱེར་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སོགས་གསར་འགྱུར་སྨྱན་སྦྱོར་གྱི་གསར་འགོད་པ་རྣམས་ཡོངས་བསྒྲགས་ཚོགས་འདུར་ཞུགས་ཡོད་པ་རེད།

