国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2024年07月30日

ངེད་གྲོང་ཁྱེར་གྱི་ལོ་ན་མ་སོན་པའི་མིའི་སེམས་ཁམས་བདེ་ཐང་ཟུར་ཁྲིད་ལྟེ་གནས་ཀྱིས་སྒོ་བྱང་འགེལ་བའི་མཛད་སྒོ་སྤེལ་བ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ་7ཚེས་25ཉིན་གྱི་སྔ་དྲོ། ཆབ་མདོ་གྲོང་ཁྱེར་གྱི་ལོ་ན་མ་སོན་པའི་མིའི་སེམས་ཁམས་བདེ་ཐང་ཟུར་ཁྲིད་ལྟེ་གནས་ཀྱིས་གྲོང་ཁྱེར་གཞོན་ནུ་ལོ་ཆུང་བྱེད་སྒོའི་ལྟེ་གནས་སུ་སྒོ་བྱང་འགེལ་བའི་མཛད་སྒོ་འཚོགས་པ་དང་། གྲོང་ཨུད་ཀྱི་རྒྱུན་ཨུ། དྲིལ་བསྒྲགས་པུའི་པུའུ་ཀྲང་དངོས་གྲུབ་ཟླ་བ་མཛད་སྒོའི་ནང་ཞུགས་ནས་གསུངས་བཤད་གནང་ཡོད།

དངོས་གྲུབ་ཟླ་བས་སེམས་ཁམས་བདེ་ཐང་གི་ཟུར་ཁྲིད་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུ་ནི་ལོ་ན་མ་སོན་པའི་མི་བདེ་ཐང་ངང་འཚར་ལོངས་ཡོང་བའི་ལྡོག་མེད་ཀྱི་བླང་བྱ་ཞིག་ཡིན་པས། རྫོང་(ཆུས་)ཁག་གིས་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ལྟེ་གནས་སུ་ལུགས་མཐུན་སྒོས་བལྟོས་བཅས་ཀྱི་རང་ཚུགས་ས་ཁོངས་དབྱེ་ནས་སེམས་ཁམས་ཟུར་ཁྲིད་བྱེད་ནུས་ཁུལ་འཛུགས་དགོས་པ་དང་། སློབ་གྲྭ་ཁག་གིས་སློབ་མ་རྣམས་སེམས་ཁམས་བདེ་ཐང་ངང་འཚར་ལོངས་ཡོང་བའི་ཟུར་ཁྲིད་ཁང་རྒྱུན་ཆད་མེད་པར་འཐུས་ཚང་དུ་གཏོང་སྟེ་ལོ་ན་མ་སོན་པའི་མིའི་སེམས་ཁམས་བདེ་ཐང་ཡོང་བའི་སློབ་གསོར་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་དགོས་པ། དྲིལ་བསྒྲགས་དང་། གུང་གཞོན་ཚོགས་པའི་ཨུ་ལྷན། སློབ་གསོ་སོགས་སྡེ་ཚན་གྱིས་གཞོགས་འདེགས་དམ་ཟབ་དང་མཐུན་སྦྱོར་མཉམ་འགུལ་བྱས་ཏེ། ཏང་གི་སློབ་གསོའི་ལས་ཀའི་བྱེད་ཕྱོགས་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་བསྟར་བ་དང་། ཀུན་སྤྱོད་འཛུགས་སྐྱོང་དང་མི་གསོ་སྐྱོང་གི་རྩ་བའི་ལས་འགན་དོན་འཁྱོལ་གཏིང་ཟབ་བྱས་ཏེ། སེམས་ཁམས་བདེ་ཐང་གི་སློབ་གསོ་དེ་ལོ་ན་མ་སོན་པའི་མིའི་བསམ་བློ་ཀུན་སྤྱོད་འཛུགས་སྐྱོང་ལས་ཀའི་ལས་འགན་གཙོ་བོ་ཞིག་ཏུ་བརྩིས་ནས་དམ་འཛིན་བྱ་དགོས་ཞེས་བསྟན་ཡོད།

དངོས་གྲུབ་ཟླ་བས་འབྲེལ་ཡོད་ཚན་པ་ཁག་གིས་“སྤྱིའི་བསམ་ཕྱོགས”ཁོང་དུ་ཆུད་པ་དང་། “རྩ་དོན་གསུམ”མཐའ་འཁྱོངས་ཡག་པོ་བྱེད་པ། “གསོ་སྐྱོང་བྱེད་ཐབས་ལྔ”དོན་འཁྱོལ་ཡག་པོ་བཅས་བྱེད་དགོས་པ་དང་། ལོ་ན་མ་སོན་པའི་མིས་“ཚེ་སྲོག་ལ་གཅེས་སྤྲས་དང་། འཚོ་བར་དགའ་ཞེན། རང་མཐོང་གདེང་སྤོབས། དཔྱོད་ཤེས་ཞི་འཇམ། སྤྲོ་སྣང་ཡར་བརྩོན་”བཅས་ཀྱི་སེམས་ཁམས་གཤིས་རྒྱུད་གསོ་སྐྱོང་གང་དྲག་བྱས་ཏེ། ལོ་ན་མ་སོན་པའི་མི་རྣམས་ལ་“དཔའ་ངར་ཞུམ་མེད་དང་། བློ་བརྟན་འགྱུར་མེད། བརྙས་བཅོས་ལ་མི་སྐྲག་པ་”བཅས་ཀྱི་བློ་སྟོབས་དང་གཤིས་རྒྱུད་གསོ་སྐྱོང་བྱེད་དགོས་ལ། ལོ་ན་མ་སོན་པའི་མིའི་བསམ་བློ་ཀུན་སྤྱོད་བྱང་ཚད་དང་། ཚན་རིག་རིག་གནས་བྱང་ཚད། ལུས་སེམས་བདེ་ཐང་བྱང་ཚད་བཅས་མཐུན་སྦྱོར་ངང་འཕེལ་རྒྱས་སུ་བཏང་སྟེ་མི་རིགས་བསྐྱར་དར་གྱི་འགན་འཁྲི་ཆེན་པོ་འཁུར་ཐུབ་མཁན་དུས་རབས་ཀྱི་མི་གསར་པ་གསོ་སྐྱོང་བྱ་དགོས་པའི་བླང་བྱ་བཏོན་ཡོད།