འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ7ཚེས17ཉིན་གྱི་ཕྱི་དྲོ། རང་སྐྱོང་ལྗོངས་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཏང་ཙུའི་ཁོངས་མི། ཀྲུའུ་ཞི་གཞོན་པ། བོད་ལྗོངས་རྩོམ་པ་པོའི་མཐུན་ཚོགས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཚེ་རིང་ནོར་བུས་རུ་སྣེ་ཁྲིད་དེ་ཆབ་མདོར་བཅར་འདྲིའི་བྱེད་སྒོ་སྤེལ་བའི་བཞུགས་མོལ་ཚོགས་འདུ་འཚོགས་ནས་རྩོམ་པ་པོས་གསར་རྩོམ་གྱི་ཉམས་མྱོང་དང་བསམ་བློའི་བརྒྱུད་རིམ་མཉམ་སྤྱོད་བྱས་ནས་སླད་ཕྱིན་གསར་རྩོམ་གྱི་ཁ་ཕྱོགས་དང་བསམ་བཀོད་གསུངས་པ་རེད།
ཚེ་རིང་ནོར་བུས་ཆབ་མདོ་གྲོང་ཁྱེར་གྱི་རྩོམ་རིག་ལས་དོན་འཕེལ་རྒྱས་ཐད་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་བ་དང་འབྲེལ་རང་གྲོང་ཁྱེར་གྱི་རྩོམ་རིག་གསར་རྩོམ་འཕེལ་རྒྱས་ཐད་རྩ་ཆེའི་བསམ་འཆར་མང་ཙམ་བཏོན་གནང་ཞིང་། ཁོང་གིས་ཆབ་མདོའི་རིག་གནས་ཕུན་སུམ་ཚོགས་པ་དང་ས་ཁོངས་ཀྱི་ཐུན་མིན་ཁྱད་ཆོས་ནི་གསར་རྩོམ་གྱི་ཞིང་ས་གཤིན་པོ་ཞིག་ཡིན་པས་བོད་རང་སྐྱོང་ལྗོངས་རྩོམ་རིག་སྒྱུ་རྩལ་ལྷན་ཚོགས་ཀྱིས་རྩོམ་རིག་མཁས་དབང་དེ་བས་མང་བ་ཆབ་མདོར་མངགས་ནས་ཁྱད་ལྡན་གཏམ་རྒྱུད་སྔོག་འདོན་གཏིང་ཟབ་བྱས་ཏེ་ཆབ་མདོའི་ཕྱི་ཕྱོགས་མངོན་པའི་སྣང་བརྙན་སྔར་བས་ལེགས་སུ་གཏོང་བ་དང་ཤུགས་རྐྱེན་སྔར་བས་ཆེ་རུ་གཏོང་རྒྱུ་ཡིན་ཞེས་གསུངས་པ་དང་དུས་མཚུངས། ཁོང་གིས་རང་གྲོང་ཁྱེར་གྱི་རྩོམ་པ་པོ་རྣམ་གཞི་རིམ་དུ་བསྐྱོད་དེ་ཕུལ་བྱུང་བརྩམས་ཆོས་དེ་བས་མང་བ་གསར་རྩོམ་བྱ་རྒྱུའི་ལྕག་སྐུལ་གནང་བར་མ་ཟད། རྩོམ་པ་པོ་དེ་བས་མང་བ་ཆབ་མདོ་ནས་ཐོན་ཏེ་བོད་ནས་རྒྱལ་ཡོངས་ཀྱི་ཕྱོགས་སུ་བསྐྱོད་རྒྱུའི་བླང་བྱ་བཏོན་ཡོད།
ཚོགས་འདུའི་ཐོག་རང་སྐྱོང་ལྗོངས་ཀྱི་བཅར་འདྲིའི་ཚོགས་པའི་འཐུས་མི་དང་ཆབ་མདོ་གྲོང་ཁྱེར་རྩོམ་པ་པོའི་མཐུན་ཚོགས་ཀྱི་འཐུས་མི་དབར་གཏམ་བཤད་སྤེལ་རེས་གནང་ནས་མི་སྒེར་གྱི་རྩོམ་རིག་གསར་རྩོམ་ཕྱོགས་བསྡོམས་མཉམ་སྤྱོད་བྱས་ཏེ་གོམ་སྟབས་རྗེས་མའི་རྩོམ་རིག་གསར་རྩོམ་ཐད་བསམ་གཞིག་གི་གྲོས་འགོ་བཏོན་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་བྱེད་སྒོ་སྤེལ་ཡུན་ཉིན7ཡིན་པ་དང་། རང་སྐྱོང་ལྗོངས་ཀྱི་བཅར་འདྲིའི་ཚོགས་པ་སྔ་རྗེས་སུ་སྟེང་ཆེན་རྫོང་དང་རི་བོ་ཆེ་རྫོང་། ཁ་རུབ་ཆུས། བྲག་གཡབ་རྫོང་། དཔའ་ཤོད་རྫོང་སོགས་སུ་བསྐྱོད་དེ་བཅར་འདྲི་དང་གསར་རྩོམ་གྱི་ལས་དོན་བསྒྲུབ་རྒྱུ་རེད།