འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉིན་ཤས་གོང་། ཧྥུའུ་ཅན་ཞིང་ཆེན་གྱི་བོད་སྐྱོར་ལས་དོན་རུ་ཁག་ཁག་བཅུ་པ་དང་ཆབ་མདོ་གྲོང་ཁྱེར་གཞུང་རྒྱུ་ཨུ་ལྷན་གྱིས་མཉམ་དུ་གཙོ་གཉེར་བྱས་པའི་ཆབ་མདོ་གྲོང་ཁྱེར་གཞུང་རྒྱུ་ཨུ་ལྷན་དང་གཞུང་ཁོངས་ཁེ་ལས་ཀྱི་གཉེར་སྐྱོང་དོ་དམ་གྱི་ཤེས་ལྡན་པའི་གསོ་སྦྱོང་འཛིན་གྲྭ་ཧྥུའུ་ཅན་ཞིང་ཆེན་ཧྥུའུ་ཀྲོའུ་གྲོང་ཁྱེར་དུ་སློབ་འགོ་ཚུགས་པ་དང་། ཆབ་མདོ་གྲོང་ཁྱེར་གྱི་གཞུང་རྒྱུ་ཨུ་ལྷན་དང་གཞུང་ཁོངས་ཁེ་ལས། དེ་བཞིན་ལས་རིགས་གཙོ་གཉེར་སྡེ་ཚན་གྱི་ལས་བྱེད་པ་དང་ལས་བཟོ་30ད་ཐེངས་ཀྱི་གསོ་སྦྱོང་ལ་ཞུགས་ཡོད་པ་རེད།
ད་ཐེངས་ཀྱི་གསོ་སྦྱོང་ནི་རིགས་གཅིག་མཁས་ཅན་གྱིས་སློབ་ཁྲིད་དང་། ས་གནས་ས་ཐོག་ཏུ་སློབ་ཁྲིད། ཆེད་དོན་བགྲོ་གླེང་སོགས་ཀྱི་བྱ་ཐབས་སྤྱད་དེ། ཧྥུའུ་ཅན་ཞིང་ཆེན་གྱི་གྲགས་ཅན་རིགས་གཅིག་མཁས་ཅན་དང་། དགེ་རྒན་ཆེ་མོ་བ། གཞུང་ཁོངས་ཁེ་ལས་རྩེ་གྲའི་འབྲེལ་ཡོད་འགན་འཁུར་བ་བཅས་གདན་དྲངས་ནས་སློབ་ཁྲིད་བྱས་ཤིང་། སློབ་ཚན་རིང་གཙོ་བོ་གཞུང་ཁོངས་ཁེ་ལས་ཀྱི་སྒྲིག་སྲོལ་དང་མཐུན་པའི་གཉེར་སྐྱོང་དང་། ཉེན་ཁར་འགོག་ཟོན་དང་། མི་ཤུགས་ཐོན་ཁུངས་དོ་དམ། ཐོན་སྐྱེད་ནུས་ཤུགས་གསར་མ་དང་དེ་བཞིན་ངལ་རྩོལ་བཅའ་ཁྲིམས་དང་ཁེ་ལས་ཀྱི་ལས་མི་བཀོལ་སྤྱོད་ཀྱི་ཚད་ལྡན་དོ་དམ་སོགས་ཀྱི་ནང་དོན་ཚུད་ཡོད་པ་རེད།