ཟླ6པའི་ཚེས30ཉིན་གྱི་སྔ་དྲོ་ཧྥུའུ་ཅན་སྨན་བཅོས་རིགས་གཅིག་མཁས་ཅན་ལྔ་ཡིས་ལེ་དབར་སུམ་སྟོང་བརྒལ་ནས་ཆབ་མདོར་འབྱོར་བ་དང་། ཆབ་མདོ་གྲོང་ཁྱེར་མ་བུ་བདེ་སྲུང་ཁང་དང་དཔའ་ཤོད་རྫོང་དུ་དུས་ཡུན་ཉིན་བཞིའི་རིང་གི་འོས་འགན་སྨན་བཅོས་བྱེད་སྒོ་སྤེལ་བ་རེད།
ཉིན་ཤས་བསྟུད་མར། ཧྥུའུ་ཅན་ཞིང་ཆེན་སྨན་ཁང་རུས་ནད་ཚན་ཁག་གི་རིགས་གཅིག་མཁས་ཅན་ཚོགས་ཆུང་སོགས་དཔའ་ཤོད་རྫོང་མི་དམངས་སྨན་ཁང་དུ་ས་གནས་དེ་གའི་མང་ཚོགས་ལ་སྒལ་ཚིགས་འཁྱོག་པ་དང་། གྲུམ་བུ་ཚིགས་ཆེན་ནད། རྐང་ལག་ཡ་མ་གཟུགས་བཅས་ལ་དམིགས་ཏེ་སྨན་རིན་མི་དགོས་པར་གྲལ་བཤེར་ལས་དོན་སྤེལ་བ་རེད།
བྱེད་སྒོར་ཁྱོན་མི114གྲལ་བཤེར་བྱས་པ་དང་། དེའི་ནང་སྒལ་ཚིགས་འཁྱོག་དོགས་ཆེ་བའི་ནད་པ4དང་། གྲུམ་བུ་ཚིགས་ཆེན་ནད་ཕོག་དོགས་ཡོད་པའི་ནད་པ་105 རྐང་ལག་ཡ་མ་གཟུགས་ཡིན་དོགས་ཆེ་བའི་ནད་པ་5གྲལ་བཤེར་བྱས་ཐུབ་ཡོད། རིགས་གཅིག་མཁས་ཅན་ཚོགས་པས་དོགས་ཡོད་ནད་པར་གཟུགས་བརྙན་རིག་པའི་ཐོག་ནས་བརྟག་དཔྱད་གསལ་པོ་བྱས་པ་དང་ནད་གཞིར་གཞིགས་ནས་རང་གཤིས་ཅན་གྱི་སྨན་བཅོས་ཇུས་གཞི་བཟོས་ཏེ། སྨན་བཅོས་གྲོས་འགོ་དང་དྲག་སྐྱེད་མཛུབ་ཁྲིད་ཞིབ་ཕྲ་བྱས་པ་དང་རྗེས་མཐུད་སྨན་བཅོས་བཀོད་སྒྲིག་བྱས་ཡོད་པ་རེད།
བྱེད་སྒོ་དེས་ནད་པར་དུས་ཐོག་དང་ནུས་ལྡན་གྱི་སྨན་བཅོས་ཞབས་ཞུ་མཁོ་འདོན་བྱས་པས་མང་ཚོགས་ཀྱི་བསྔགས་བརྗོད་ཐོབ་ཡོད་ལ། སྤྱི་དམངས་ཀྱིས་སྒལ་ཚིགས་འཁྱོག་ཡོད་པ་དང་། གྲུམ་བུ་ཚིགས་ཆེན་ནད། རྐང་ལག་ཡ་མ་གཟུགས་སོགས་ཀྱི་ནད་གཞི་ལའང་ངོས་འཛིན་དང་མཐོང་ཆེན་སྔར་བས་མང་བ་བྱུང་ཡོད།