国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2024年06月25日

《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག》

(ཚགས་པར་གོང་མར་མཐུད)

དོན་ཚན་གྱ་བཞི་པ། ལས་བྱེད་པ་གདམ་གསེས་དང་བསྐོ་སྤྱོད་བྱེད་སྐབས་རང་གི་དགའ་ཉེ་ཁོ་ན་བསྐོ་གཞག་དང་། གཞན་ཁོངས་ཟུར་འབུད། གནས་སྤར་རེ་སྐོང་། ངོ་དགའ་ཞུ་འཐེན། དཔོན་གནས་ཞུ་སློང་། གོ་གནས་མྱུར་སྤར་རམ་ཡང་ན་ལས་བྱེད་པ་བགོ་སྒྲིག་སོགས་ལས་བྱེད་པ་འདེམ་སྒྲུག་དང་བཀོལ་སྤྱོད་ཀྱི་གཏན་འབེབས་ལས་འགལ་བའི་བྱ་སྤྱོད་རིགས་ཡོད་ཚེ། དེའི་ཐད་ཀའི་འགན་འཁྲི་ཡོད་མཁན་དང་འགོ་ཁྲིད་ཀྱི་འགན་འཁྲི་ཡོད་མཁན་ལ་དམིགས་ནས་ཉེས་ཚབས་ཅུང་ཆུང་རིགས་ལ་ཐ་ཚིག་སྒྲོག་པའམ་ཡང་ན་ཐ་ཚིག་ནན་པོ་སྒྲོག་པའི་ཆད་པ་གཅོད་རྒྱུ་དང་། ཉེས་ཚབས་ཅུང་ཆེ་རིགས་ལ་ཏང་ནང་གི་གོ་གནས་མེད་པ་བཟོ་བའམ་ཡང་ན་ཏང་ནང་བཞག་ནས་ལྟ་ཞིབ་བྱེད་པའི་ཆད་པ་གཅོད་རྒྱུ། ཉེས་ཚབས་ཆེ་རིགས་ལ་ཏང་གི་སྐྱིད་སྡུག་ནས་འབུད་པའི་ཆད་པ་གཅོད་རྒྱུ།

མི་སྣ་བཀོལ་སྤྱོད་ཐད་འགན་འཛོལ་ཤོར་ནས་ངན་འབྲས་ཚབས་ཆེན་བཟོས་ཚེ། དེའི་ཐད་ཀའི་འགན་འཁྲི་ཡོད་མཁན་དང་འགོ་ཁྲིད་ཀྱི་འགན་འཁྲི་ཡོད་མཁན་ལ་གོང་འཁོད་ནང་གསེས་དོན་ཚན་གྱི་གཏན་འབེབས་ལྟར་ཐག་གཅོད་བྱ་རྒྱུ།

དོན་ཚན་གྱ་ལྔ་པ། འགོ་ཁྲིད་ལས་བྱེད་པ་གོ་གནས་འཕར་ཆག་གང་རུང་བྱེད་པར་སྐུལ་སྤེལ་གཏོང་བའི་ལས་ཀའི་ཁྲོད་མི་བཟང་རིང་ལུགས་སྤེལ་རིགས་ལ་གཤམ་གསལ་གྱི་བྱ་སྤྱོད་ལས་རིགས་གཅིག་ཡོད་ན། དེའི་ཐད་ཀའི་འགན་འཁྲི་ཡོད་མཁན་དང་འགོ་ཁྲིད་ཀྱི་འགན་འཁྲི་ཡོད་མཁན་ལས་ཉེས་ཚབས་ཅུང་ཆེ་རིགས་ལ་ཐ་ཚིག་སྒྲོག་པའམ་ཡང་ན་ཐ་ཚིག་ནན་པོ་སྒྲོག་པའི་ཆད་པ་གཅོད་རྒྱུ་དང་། ཉེས་ཚབས་ཆེ་རིགས་ལ་ཏང་ནང་གི་གོ་གནས་མེད་པ་བཟོ་བའམ་ཡང་ན་ཏང་ནང་བཞག་ནས་ལྟ་ཞིབ་བྱེད་པའི་ཆད་པ་གཅོད་རྒྱུ་སྟེ།

(གཅིག)ཏང་གི་སྒྲིག་ཁྲིམས་དང་སྲིད་དོན་སོགས་ཀྱི་ཆད་པ་བཅད་དེ་རྩ་འཛུགས་ཀྱི་བགོ་སྒྲིག་ལས་གཡོལ་རིགས།

(གཉིས)རྩ་འཛུགས་ཀྱི་བགོ་སྒྲིག་གིས་ཏང་གི་སྒྲིག་ཁྲིམས་དང་སྲིད་དོན་སོགས་ཀྱི་ཆད་པ་བཅད་པའི་ཚབ་བྱས་རིགས།

(གསུམ)ལྗིད་གཡོལ་ཡང་ལེན་གྱི་ཐག་གཅོད་བྱས་པའི་བྱ་སྤྱོད་གཞན་དག

དོན་ཚན་གྱ་དྲུག་པ། ལས་བྱེད་ལས་བཟོ་བསྡུ་སྤྱོད་དང་དཔྱད་ཞིབ། གོ་གནས་རིམ་སྤར་དང་གོ་མིང་དཔྱད་བསྡུར་གདན་ཞུ། གཟི་བརྗིད་མཚན་སྙན་ལ་གཟེངས་བསྟོད་བཅས་བྱེད་པ་དང་། རིག་གཞུང་གི་མཚན་སྙན་སྤྲོད་པ་དང་། དམག་མི་བསྡུ་བ། དམག་ཞབས་ཐིམ་པའི་དམག་མི་བཀོད་སྒྲིག་སོགས་ཀྱི་ལས་དོན་སྒྲུབ་རིང་། གནས་ཚུལ་ངོ་མ་སྦ་གསང་དང་འཁྱོག་བཤད་བྱས་པའམ་ཡང་ན་འགན་དབང་ངམ་གོ་གནས་ཀྱི་ཤུགས་རྐྱེན་ལ་བརྟེན་ནས་འབྲེལ་ཡོད་གཏན་འབེབས་ལས་འགལ་ཏེ། རང་ཉིད་དམ་ཡང་ན་མི་གཞན་ལ་ཁེ་ཕན་གཉེར་ཐབས་བྱས་རིགས་ལ། ཐ་ཚིག་སྒྲོག་པའམ་ཡང་ན་ཐ་ཚིག་ནན་པོ་སྒྲོག་པའི་ཆད་པ་གཅོད་རྒྱུ་དང་། ཉེས་ཚབས་ཅུང་ཆེ་རིགས་ལ་ཏང་ནང་གི་གོ་གནས་མེད་པ་བཟོ་བའམ་ཡང་ན་ཏང་ནང་བཞག་ནས་ལྟ་ཞིབ་བྱེད་པའི་ཆད་པ་གཅོད་རྒྱུ། ཉེས་ཚབས་ཆེ་རིགས་ལ་ཏང་གི་སྐྱིད་སྡུག་ནས་འབུད་པའི་ཆད་པ་གཅོད་རྒྱུ།

མི་བདེན་རྫུན་སྒྲིག་གིས་གོ་གནས་དང་། འགན་རིམ། གོ་མིང་། གླ་ཕོགས། ཐོབ་ཐང་། སློབ་རིམ། བསླབ་གནས། གཟི་བརྗིད། མཚན་སྙན་བཅས་སམ་ཡང་ན་ཁེ་ཕན་གཞན་དག་གཡོ་ལེན་བྱས་རིགས་ལ། གོང་འཁོད་ནང་གསེས་དོན་ཚན་གྱི་གཏན་འབེབས་ལྟར་ཐག་གཅོད་བྱ་རྒྱུ།

དོན་ཚན་གྱ་བདུན་པ། ཏང་ཡོན་གྱི་བརྡས་ཐག་གཅོད་དབང་དང་། འདེམ་བསྐོའི་དབང་ཆ། གདམ་བྱའི་དབང་ཆ་བཅས་ལ་གནོད་འཚེ་བཏང་ཚེ། ཉེས་ཚབས་ཅུང་ཆེ་རིགས་ལ་ཐ་ཚིག་སྒྲོག་པའམ་ཡང་ན་ཐ་ཚིག་ནན་པོ་སྒྲོག་པའི་ཆད་པ་གཅོད་རྒྱུ་དང་། ཉེས་ཚབས་ཆེ་རིགས་ལ་ཏང་ནང་གི་གོ་གནས་མེད་པ་བཟོ་བའི་ཆད་པ་གཅོད་རྒྱུ།

བཙན་ཤེད་དང་། འཇིགས་སྐུལ། མགོ་སྐོར། སླུ་བྲིད་སོགས་ཀྱི་བྱེད་ཐབས་སྤྱད་དེ། ཏང་ཡོན་གྱིས་བརྡས་ཐག་གཅོད་དབང་དང་། འདེམ་བསྐོའི་དབང་ཆ། གདམ་བྱའི་དབང་ཆ་བཅས་རང་བདག་གིས་སྤྱོད་པར་གནོད་རྐྱེན་བཟོས་རིགས་ལ། ཏང་ནང་གི་གོ་གནས་མེད་པ་བཟོ་རྒྱུ་དང་། ཏང་ནང་བཞག་ནས་ལྟ་ཞིབ་བྱེད་པའམ་ཡང་ན་ཏང་གི་སྐྱིད་སྡུག་ནས་འབུད་པའི་ཆད་པ་གཅོད་རྒྱུ།

དོན་ཚན་གྱ་བརྒྱད་པ། གཤམ་གསལ་གྱི་བྱ་སྤྱོད་ལས་རིགས་གཅིག་ཡོད་ཚེ། དེའི་ཐད་ཀའི་འགན་འཁྲི་ཡོད་མཁན་དང་འགོ་ཁྲིད་ཀྱི་འགན་འཁྲི་ཡོད་མཁན་ལ་ཐ་ཚིག་སྒྲོག་པའམ་ཡང་ན་ཐ་ཚིག་ནན་པོ་སྒྲོག་པའི་ཆད་པ་གཅོད་རྒྱུ་དང་། ཉེས་ཚབས་ཅུང་ཆེ་རིགས་ལ་ཏང་ནང་གི་གོ་གནས་མེད་པ་བཟོ་བའམ་ཡང་ན་ཏང་ནང་བཞག་ནས་ལྟ་ཞིབ་བྱེད་པའི་ཆད་པ་གཅོད་རྒྱུ། ཉེས་ཚབས་ཆེ་རིགས་ལ་ཏང་གི་སྐྱིད་སྡུག་ནས་འབུད་པའི་ཆད་པ་གཅོད་རྒྱུ་སྟེ།

(གཅིག)སྐྱོན་བརྗོད་དང་ཐེར་འདོན། གཏུག་བཤེར་བཅས་ལ་བཀག་འགོག་དང་བཙན་གནོན་བྱས་པའམ་ཡང་ན་སྐྱོན་བརྗོད་དང་། ཐེར་འདོན། གཏུག་བཤེར་བཅས་བྱས་པའི་དཔྱད་གཞི་རང་དགར་བཀག་ཉར་དང་མེད་པ་བཟོས་པའམ་ཡང་ན་རྐང་བཙུགས་ནས་མི་གཞན་ལ་ཤེས་སུ་བཅུག་རིགས།

(གཉིས)ཏང་ཡོན་གྱིས་གནས་ལུགས་ཞུ་བ་དང་། དག་འབུད་དང་བདེན་དཔང་བྱེད་པ་སོགས་ལ་བཙན་གནོན་བྱས་ནས་མཇུག་འབྲས་ངན་པ་བཟོས་རིགས།

(གསུམ)ཏང་ཡོན་གྱིས་རྒྱུ་མཚན་ཞུ་འབུལ་བྱེད་པར་བཙན་གནོན་བྱས་ནས་མཇུག་འབྲས་ངན་པ་བཟོས་པའམ་ཡང་ན་འབྲེལ་ཡོད་གཏན་འབེབས་ལྟར་ཏང་ཡོན་གྱི་རྒྱུ་མཚན་ཞུ་འབུལ་ཐག་གཅོད་མི་བྱེད་པའི་རིགས།

(བཞི)ཏང་ཡོན་གྱི་ཁེ་དབང་ལ་གནོད་འཚེ་བཏང་བའི་བྱ་སྤྱོད་གཞན་དག

སྐྱོན་བརྗོད་བྱེད་མཁན་དང་། ཐེར་འདོན་བྱེད་མཁན། གཏུག་བཤེར་བྱེད་མཁན། དཔང་མི། དེ་བཞིན་མི་གཞན་དག་བཅས་ལ་རྡུང་རྡེག་འཁོན་སློག་བྱས་རིགས་ལ། ཆད་པ་ལྕི་མོ་གཅོད་པའམ་ཡང་ན་ཆད་པ་ཇེ་ལྕི་རུ་གཏོང་རྒྱུ། (མུ་འགོད།)