ཤིན་ཧྭ་གསར་འགྱུར་ཁང་དབྱིན་ཁྲོན་ནས་ཟླ་6ཚེས་21ཉིན་གློག་འཕྲིན་འབྱོར་གསལ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཉིང་ཞར་རྟོག་ཞིབ་གནང་སྐབས། ཉིང་ཞས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་ལེན་གཏིང་ཟབ་བསྟར་བ་དང་། བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས་ཀྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་གཙོ་རྐང་དུ་བྱེད་པ་དང་། རྨ་ཆུ་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྔོན་སྤེལ་ཁུལ་བསྐྲུན་རྒྱུ་སྣེ་ཁྲིད་དུ་བྱས་ནས། སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཆུ་ཚད་མཐོ་བའི་སྲུང་སྐྱོང་དང་། ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་དང་སྒོ་མོ་འབྱེད་རྒྱ་ཆེར་གཏོང་། གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པ་དང་གྲོང་གསེབ་དར་རྒྱས། མི་རིགས་མཐུན་སྒྲིལ་དང་ཐུན་མོང་ཕྱུག་འགྱུར་སོགས་ཀྱི་ལས་དོན་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ། དཔལ་འབྱོར་དར་རྒྱས་དང་། མི་རིགས་མཐུན་སྒྲིལ། ཁོར་ཡུག་མཛེས་པ། མི་དམངས་འབྱོར་ཕྱུག་བཅས་ཀྱི་མཛེས་སྡུག་ལྡན་པའི་ཉིང་ཞ་གསར་པ་མགྱོགས་མྱུར་བསྐྲུན་ཏེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཉིང་ཞའི་ལེའུ་ནུས་ཤུགས་ཡོད་རྒུས་རྩོམ་དགོས་པའི་ནན་བཤད་གནང་བ་རེད།
ཟླ་6ཚེས་19ཉིན། ཞི་ཅིན་ཕིང་མཚོ་སྔོན་ལ་རྟོག་ཞིབ་གནང་མཇུག་འགྲིལ་རྗེས་ཉིང་ཞ་རུ་ཕེབས་ཤིང་། ཉིན་དེའི་ཕྱི་དྲོར། ཉིང་ཞ་ཧུད་རིགས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ལེང་ཡན་ཧྲུན་དང་རང་སྐྱོང་ལྗོངས་སྲིད་གཞུང་གི་ཀྲུའུ་ཞི་ཀྲང་ཡུས་ཕུའུ་ཡི་ཕེབས་རོགས་འོག་ཞི་ཅིན་ཕིང་དབྱིན་ཁྲོན་གྲོང་ཁྱེར་དུ་བརྟག་ཞིབ་གནང་བར་ཕེབས་པ་རེད།
དབྱིན་ཁྲོན་གྲོང་ཁྱེར་ཅིན་ཧྥུང་ཆུས་ཁྲང་ཁྲེང་མེ་ཏོག་ལྡུམ་རའི་སྡེ་ཁུལ་ནི་མི་རིགས་མང་པོ་འདུས་སྡོད་བྱེད་པའི་སྡེ་ཁུལ་ཆེ་གྲས་ཤིག་རེད། ཞི་ཅིན་ཕིང་དང་ཐོག་སྡེ་ཁུལ་གྱི་ཏང་དམངས་ཞབས་ཞུའི་ལྟེ་གནས་ཀྱི་དམངས་ཕན་ཞབས་ཞུའི་ཚོམས་ཆེན་དང་། སྡེ་ཁུལ་འཕྲོད་བསྟེན་ས་ཚིགས། གཅེས་སེམས་སྒོ་རྩིས་ཚོང་ཁང་བཅས་སུ་ཕེབས་ནས་སྡེ་ཁུལ་གྱི་ལས་དོན་ངོ་སྤྲོད་གསན་པ་མ་ཟད། སྡེ་ཁུལ་གྱིས་གཞི་རིམ་ཏང་རྩ་འཛུགས་ཀྱི་ནུས་པ་འདོན་སྤེལ་བྱ་ཚུལ་དང་། ཁྱིམ་མཚེས་བྱེད་སྒོ་སྤེལ་ཚུལ། དམངས་བདེ་དམངས་ཕན་གྱི་ཞབས་འདེགས་ཞུ་ཚུལ་སོགས་མཁྱེན་རྟོགས་ཞིབ་ཕྲའང་གནང་བ་རེད། དེ་རྗེས་ཁོང་སྡེ་ཁུལ་གྱི་བྱེད་སྒོ་ཁང་དུ་ཕེབས་ནས་གྲོང་མིས་ཤོག་དྲས་རི་མོ་གསར་རྩོམ་དང་ཞབས་བྲོ་ནང་སྦྱོང་བྱེད་པར་སྤྲོ་བ་ཆེན་པོས་གཟིགས་པ་དང་། ཚང་མ་དང་བྱམས་བརྩེའི་ངང་སྤེལ་རེས་གནང་བ། རྒན་ཡོལ་ཞུས་པའི་གྲོང་མིར་རྒས་དུས་འཚོ་རྟེན་ཡོད་པ་དང་རྒས་དུས་སྤྲོ་སྐྱིད་གཏོང་རྒྱུ་ཡོད་ལ་རྒས་དུས་བྱེད་རྒྱུ་ཡོད་པ་བཅས་བྱེད་དགོས་པའི་སྐུལ་ལྕག་གནང་བ་རེད། ཞི་ཅིན་ཕིང་གིས་སྡེ་ཁུལ་ཏང་རྩ་འཛུགས་ནི་ཏང་གིས་གཞི་རིམ་མང་ཚོགས་དང་འབྲེལ་བ་བྱེད་པའི་མཐའ་སྣེ་ཡིན་པས་སྡེ་ཁུལ་དུ་འགོ་ཁྲིད་ཀྱི་ནུས་པ་འདོན་དགོས། སྡེ་ཁུལ་གྱི་ཏང་རྩ་འཛུགས་འཛུགས་སྐྱོང་ཡག་པོ་དང་སྟོབས་ཆེར་བཏང་ཚེ་སྡེ་ཁུལ་གྱི་ལས་དོན་ཐད་རྟེན་ས་ཡོང་རྒྱུ་རེད། ཏང་འཛུགས་སྐྱོང་གི་སྣེ་ཁྲིད་མཐའ་འཁྱོངས་བྱས་ནས་གྲོང་མིའི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ཐག་གཅོད་བྱ་རྒྱུར་དམ་པོར་དམིགས་ཏེ། མི་སེར་ལ་ཞབས་འདེགས་ཞུ་བའི་ལས་དོན་ཁག་གཏིང་ཟབ་དང་། ཞིབ་ཚགས། གནད་ལ་འཁེལ་བ་བཅས་ཀྱི་སྒོ་ནས་སྒྲུབ་དགོས་ཞེས་བསྟན་གནང་བ་རེད།
ཞི་ཅིན་ཕིང་སྡེ་ཁུལ་གྱི་གྲོང་མི་ཀྲའོ་ཧྲོའུ་ཁྲེང་གི་ཁྱིམ་དུ་ཕེབས་ནས་ཀྲའོ་ཧྲོའུ་ཁྲེང་གི་ནང་མི་ཚོ་དང་མཉམ་དུ་བཞུགས་ཏེ་བཀའ་མོལ་གནང་ནས་ཁོང་ཚོའི་ལས་ཞུགས་དང་། ཡོང་འབབ། སྨན་བཅོས་འགན་བཅོལ་རྩིས་ཞུ། ཕྲུ་གུ་སློབ་གྲྭར་འགྲོ་བ་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་གནང་རྗེས། ཁོང་ཚོའི་བདེ་སྐྱིད་འཚོ་བར་མོས་བསྟོད་གནང་བ་དང་ཕྲུ་གུ་ཚོར་ཀུན་སྤྱོད་དང་། ཤེས་རིག ལུས་རྩལ། མཛེས་དཔྱོད། ངལ་རྩོལ་བཅས་ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་བར་བྱེད་དགོས་པའི་སྐུལ་ལྕག་གནང་བ་རེད། ཀྲའོ་ཧྲོའུ་ཁྲེང་གིས་སྤྱི་ཁྱབ་ཧྲུའུ་ཅིར་ས་གནས་དེ་གའི་ཏང་ཨུད་དང་སྲིད་གཞུང་གིས་སྡེ་ཁུལ་འཛུགས་སྐྲུན་ལ་སེམས་ཁུར་ཆེན་པོ་བྱེད་པ་དང་ལྷག་པར་དུ་སྡེ་ཁུལ་རྙིང་པ་སྒྱུར་བཀོད་དང་གྲོང་མིའི་རིག་གནས་འཚོ་བ་ཕུན་སུམ་ཚོགས་སུ་གཏོང་བ་སོགས་ཐད་དོན་དངོས་མང་པོ་བསྒྲུབས་སོང་། སྡེ་ཁུལ་ནང་དུ་མི་རིགས་ཁག་གི་མང་ཚོགས་འཆམ་མཐུན་མཉམ་གནས་ཡོད་ལ་འཚོ་བའང་དངོས་འབྲེལ་སྐྱིད་པོ་འདུག་ཅེས་ཞུས་པ་རེད། ཞི་ཅིན་ཕིང་གིས་རང་རེའི་ཏང་ནི་བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བའི་ཏང་ཞིག་ཡིན། མི་རིགས་ཁག་གི་མང་ཚོགས་དང་ཁྱིམ་ཚང་ཚང་མ་ནི་ངའི་སེམས་ཁྲལ་བྱེད་ས་ཡིན་པས། ཁྱེད་ཚོས་ཁྱིམ་ཚང་འཛུགས་སྐྲུན་དེ་བས་ཡག་པོ་བྱས་ནས་འཚོ་བ་ཉིན་རེ་ལས་མ་འདས་པར་ཡག་ཏུ་གཏོང་རྒྱུའི་རེ་བ་ཡོད་ཅེས་ནན་བཤད་གནང་བ་རེད།
ས་སྲིབ་མཚམས་སུ་སྡེ་ཁུལ་གྱི་ཐང་ཆེན་དུ་འཁྲུག་ཆ་ཤིན་ཏུ་དོད་ཅིང་། གྲོང་མི་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཕེབས་པ་མཐོང་མ་ཐག་ཚང་མས་རུབ་རུབ་བྱས་ནས་བསྐོར་ཏེ་སྤྲོ་སེམས་འཁོལ་པོས་དགའ་བསུ་ཞུས་པ་རེད། ཞི་ཅིན་ཕིང་གིས་བྱམས་བརྩེའི་ངང་ཚང་མར་ལོ་4ཕྱིན་པའི་རྗེས་ལ་ང་རང་སླར་ཡང་ཉིང་ཞ་རུ་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་ལྟ་བར་ཡོང་བ་ཡིན། ཁྱེད་ཚོ་ཐུག་སྐབས་ཧ་ཅང་དགའ་པོ་བྱུང་། ཀྲུང་ཧྭ་མི་རིགས་ནི་ཁྱིམ་ཚང་ཆེན་པོ་ཞིག་ཡིན་པས།
མི་རིགས་ཁག་གི་མི་དམངས་ཚོས་སེ་འབྲུའི་རྡོག་ལྟར་གོང་བུ་གཅིག་ཏུ་སྒྲིལ་དགོས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་མུ་མཐུད་ཟབ་ཏུ་བཏང་ནས། མི་རིགས་ཁག་གི་མི་དམངས་ཀྱི་སེམས་པ་དམ་པོར་སྦྲེལ་བ་དང་། ཕྱོགས་གང་ཅིའི་ཐད་ཀྱི་སྟོབས་ཤུགས་རྒྱ་ཁྱབ་ངང་གཅིག་ཏུ་བསྡུ་བ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་ཐུན་མོང་ཐོག་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་དོན་ཆེན་དེ་ཐུན་མོང་ཐོག་སྤེལ་དགོས་ཞེས་གསུངས་པ་རེད།
ཚེས་20ཉིན་གྱི་སྔ་དྲོར། ཞི་ཅིན་ཕིང་གིས་ཉིང་ཞ་ཧུད་རིགས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ལས་དོན་སྙན་ཞུ་གསན་རྗེས་ཉིང་ཞའི་ལས་དོན་ལ་ཐོབ་པའི་གྲུབ་འབྲས་ཁས་ལེན་གནང་བ་རེད།
ཞི་ཅིན་ཕིང་གིས་བསྟན་དོན། ཉིང་ཞའི་ས་ཁམས་ཁོར་ཡུག་དང་ཐོན་ཁུངས་ཕུན་སུམ་ཚོགས་ལ་ཐུན་མོང་མ་ཡིན་པ་ཞིག་ཡིན་པས་ཁྱད་ཆོས་ཅན་དང་ཁྱད་པར་ཅན་གྱི་ཐོན་ལས་འཕེལ་རྒྱས་ཀྱི་ལམ་བུར་བསྐྱོད་དེ། ཉིང་ཞའི་ལེགས་ཆ་མཚོན་པ་དང་འགྲན་ནུས་ཅུང་ཆེན་པོ་ལྡན་པའི་དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་དགོས་པ་དང་། ཉིང་ཞའི་དེང་རབས་རྡོ་སོལ་རྫས་འགྱུར་བཟོ་ལས་དང་རྒྱུ་ཆ་གསར་པའི་ཐོན་ལས་དང་། རླུང་གློག་དང་། འོད་ཤུགས། ཆིང་ནུས་སོགས་ནུས་རྒྱུ་གཙང་མའི་ཐོན་ལས། རྒུན་ཆང་དང་འདྲེ་ཚེར་མ་སོགས་ཁྱད་ལྡན་ཐོན་ལས་བཅས་ལེགས་རྨོས་ཞིབ་ལས་དང་རྒྱུན་མཐུད་འཕེལ་རྒྱས་གཏོང་དགོས། རིག་གནས་དང་ཡུལ་སྐོར་མཉམ་འདྲེས་གཏིང་ཟབ་བྱེད་ཤུགས་ཆེ་རུ་བཏང་སྟེ། ཁྱད་ལྡན་ཡུལ་སྐོར་དང་ཁུལ་ཡོངས་ཡུལ་སྐོར་འཕེལ་རྒྱས་ཧུར་ཐག་གཏོང་དགོས། ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་མཉམ་འདྲེས་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཚན་རྩལ་གྲུབ་འབྲས་གཞན་སྒྱུར་དང་བེད་སྤྱོད་བྱེད་ཤུགས་ཆེ་རུ་གཏོང་བ། སྲོལ་རྒྱུན་ཐོན་ལས་ཕྱོགས་སྒྱུར་རིམ་སྤོར་ལ་སྐུལ་འདེད་གཏོང་བ། འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་སྐྱེད་སྲིང་བཅས་བྱེད་པའི་ཐོག་ནས་ཡུལ་བབ་དང་བསྟུན་ཏེ་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་གཏོང་དགོས། ཉིང་ཞའི་བྱང་རྒྱུད་ཀྱི་རྨ་ཆུ་འདྲེན་ཁུལ་དང་། དབུས་རྒྱུད་ཀྱི་ཐན་ཁུལ། ལྷོ་རྒྱུད་ཀྱི་རི་ཁུལ་བཅས་སོ་སོར་ཁྱད་ཆོས་ལྡན་པས་ས་གནས་ཁག་གིས་ཐོན་ལས་འཕེལ་རྒྱས་ཀྱི་རྨང་གཞི་དང་། ཐོན་ཁུངས་ཁོར་ཡུག་གི་ཤོང་ཚད། སྒོ་མོ་འབྱེད་རྒྱ་དང་གསར་སྤེལ་གྱི་མངོན་མེད་སྟོབས་ཤུགས་བཅས་ལ་ནན་པོར་གཞིགས་ནས་སྤྱི་འདོམས་འཆར་འགོད་དང་ཐོན་ལས་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ། རི་ཀླུང་མཉམ་གཏོད་དང་། གྲོང་ཁྱེར་གྲོང་གསེབ་མཉམ་འདྲེས། ཁུལ་ཁོངས་མཉམ་འགུལ་བཅས་ཀྱི་འཕེལ་རྒྱས་ཀྱི་རྣམ་པ་ཆགས་པར་སྐུལ་འདེད་གཏོང་དགོས།
ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཉིང་ཞས་གཙོ་གནད་ཁྱབ་ཁོངས་ཀྱི་སྒྱུར་བཅོས་ཟབ་ཏུ་གཏོང་བར་ཤུགས་སྣོན་བརྒྱབ་སྟེ་ཡུལ་དེ་གའི་ཁྱད་ཆོས་ལྡན་པའི་སྒྱུར་བཅོས་བྱེད་ལམ་འཚོལ་ཞིབ་བྱེད་དགོས་པ་དང་། ཁྲོམ་རའི་དཔལ་འབྱོར་གྱི་རྨང་གཞིའི་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་སྟེ། རྒྱལ་ཡོངས་ཀྱི་གཅིག་གྱུར་ཁྲོམ་ར་ཆེན་པོ་འཛུགས་སྐྲུན་ནང་ཧུར་ཐག་ཞུགས་པ་དང་། གཞུང་རྒྱུ་དང་གཞུང་ཁོངས་ཁེ་ལས་སྒྱུར་བཅོས་ལ་མུ་མཐུད་སྐུལ་འདེད་གཏོང་བ། དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྲིད་ཇུས་དོན་འཁྱོལ་ནན་པོ་བྱེད་པ། ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བ་བཅས་བྱས་ཏེ་སྤྱི་ཚོགས་ཀྱི་མ་འཇོག་གསོན་ཤུགས་འཕེལ་བར་བྱེད་དགོས། ཕྱི་ནང་ལ་སྒོ་མོ་འབྱེད་རྒྱུ་ཟུང་འབྲེལ་མཐའ་འཁྱོངས་བྱས་ཏེ། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་དང་ནུབ་རྒྱུད་སྐམ་མཚོའི་བགྲོད་ལམ་གསར་པ་སྐྲུན་པའི་ནང་ཧུར་ཐག་ཞུགས་པ་དང་ཨ་རབ་རྒྱལ་ཁབ་དང་དཔལ་འབྱོར་ཚོང་དོན་མཉམ་ལས་ཟབ་ཏུ་བཏང་ནས་སྐམ་སའི་དབུས་ཁུལ་གྱི་སྒོ་མོ་འབྱེད་རྒྱ་ཆེ་རུ་གཏོང་དགོས། རྨ་ཆུ་དང་། ཧོ་ལན་རི་བོ། ལིའུ་ཕན་རི་བོ། ལུའོ་ཧྲན་རི་བོའི་བཅས་ཀྱི་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོང་ཡག་པོ་བྱེད་རྒྱུ་ནི་ཉིང་ཞས་སྒྱུར་བཅོས་འཕེལ་རྒྱས་འཆར་འགོད་བྱེད་པའི་གཞི་འཛིན་ས་ཡིན་པས། ཐོན་ཁུངས་དང་ཁོར་ཡུག་གི་རྒྱུ་རྐྱེན་གཙོ་བོ་ཁྲོམ་ར་ཅན་གྱི་བཀོད་སྒྲིག་སྒྱུར་བཅོས་ཟབ་ཏུ་གཏོང་བ་དང་སྐྱེ་ཁམས་ཐོན་རྫས་ཀྱི་རིན་ཐང་མངོན་འགྱུར་ལམ་སྲོལ་དང་སྐྱེ་ཁམས་སྲུང་སྐྱོང་གི་ཁ་གསབ་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་སྟེ། ཆུའི་ཐོན་ཁུངས་དོ་དམ་ལམ་ལུགས་ནན་ཤོས་ལག་བསྟར་བྱེད་དགོས། རྨ་ཆུའི“ཆུ་གུག་རྟ་རྨིག་མའི”འགག་སྒྲོལ་དམག་འཐབ་ཡག་པོ་བརྒྱབ་སྟེ། ནགས་ཚལ་དང་། རྩྭ་ཐང་། འདམ་ར། བྱེ་ཐང་བཅས་ཀྱི་སྐྱེ་ཁམས་སྲུང་སྐྱོང་སླར་གསོ་དང་བ་ཚྭའི་ས་ཆ་ཕྱོགས་བསྡུས་བཅོས་སྐྱོང་ལ་སྤྱི་འདོམས་སྐུལ་འདེད་བཏང་ནས“ལྕགས་རི་རིང་པོའི་ཕྱི་རོལ་གྱི་འབྲི་ཆུའི་ལྷོ་རྒྱུད་ས་ཁུལ”སྔར་ལས་མཛེས་སྡུག་ལྡན་པར་འགྱུར་བ་བྱེད་དགོས།
ཞི་ཅིན་ཕིང་གིས་བསྟན་དོན། ཀུན་ཕན་རང་བཞིན་དང་། རྨང་གཞིའི་རང་བཞིན། ཐ་སྐྱོང་རང་བཞིན་བཅས་ཀྱི་དམངས་འཚོའི་བྱ་གཞག་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་སྟེ། མི་དམངས་མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ནུས་ཤུགས་ཡོད་རྒུས་ཐག་གཅོད་བྱས་ནས་མི་རིགས་ཁག་གི་མི་དམངས་ཐུན་མོང་འབྱོར་ཕྱུག་ཡོང་བར་སྐུལ་འདེད་ཏན་ཏིག་གཏོང་དགོས་པ་དང་། ལས་ཞུགས་མངོན་གསལ་དོད་སར་བཞག་སྟེ། མཐོ་སློབ་ཀྱི་སློབ་ཐོན་སློབ་མ་དང་། ཞིང་པ་ལས་མི། དམག་ཁོངས་ནས་ཕྱིར་འཐེན་བྱས་པའི་དམག་མི་སོགས་གཙོ་གནད་ཚོགས་སྤྱིའི་ལས་ཞུགས་ལས་དོན་ཏན་ཏིག་སྒྲུབ་དགོས། གྲོང་ཁྱེར་གསར་སྒྱུར་ལ་སྐུལ་འདེད་ཧུར་ཐག་བཏང་ནས་སྡེ་ཁུལ་རྙིང་པ་ཆུང་གྲས་སྒྱུར་བཀོད་བྱེད་ཤུགས་ཆེ་རུ་གཏོང་དགོས། མི་འབོར་འགྲོ་སྐྱོད་ཀྱི་འཕེལ་ཕྱོགས་དང་བསྟུན་ཏེ། གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཐོན་ལས་འཕེལ་རྒྱས་དང་། རྨང་གཞིའི་སྒྲིག་བཀོད། སྤྱི་པའི་ཞབས་ཞུ་བཅས་གཞི་གཅིག་ཅན་ལ་སྐུལ་འདེད་གཏོང་དགོས། གྲོང་གསེབ་དར་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་སྟེ། གནས་སྤོས་ཡུལ་མི་ཁྲི་བརྒྱ་གྲངས་ཕྱུག་འགྱུར་མཐོར་གཏོང་བྱ་སྤྱོད་ལག་བསྟར་ཡག་པོ་དང་མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་བྱས་ནས་གྲོང་གསེབ་ཀྱི་གོམས་སྲོལ་བསྒྱུར་བར་སྐུལ་འདེད་གཏོང་དགོས། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་དུ་གཏོང་བ་དང་། གནས་གཏན་འཁེལ་གྱི་རོགས་སྐྱོར་དང་སྤྱི་ཚོགས་ཀྱི་རོགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས་གཞི་ཁྱོན་རང་བཞིན་གྱི་དབུལ་ལོག་མཐའ་གཅིག་ཏུ་མི་ཐོན་པ་བྱེད་དགོས། བདེ་འཇགས་ཐོན་སྐྱེད་ལ་དམ་འཛིན་ཡག་པོ་བྱས་ནས་ཉེན་ཁ་དང་མངོན་མེད་རྐྱེན་ངན་གྲལ་བཤེར་དང་སྔོན་འགོག་དང་ཚོད་འཛིན་བྱེད་ཤུགས་ཆེ་རུ་བཏང་སྟེ། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ལ་སྲུང་སྐྱོང་ཏན་ཏིག་བྱེད་དགོས།
ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། དུས་རབས་གསར་པའི་ཏང་གི་མི་རིགས་ལས་དོན་གྱི་སྲིད་དོན་གལ་ཆེན་གྱི་མཛད་ཕྱོགས་ཕྱོགས་ཡོངས་ནས་ལག་ལེན་བསྟར་ཏེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པའི་དཔེ་སྟོན་ཁུལ་འཛུགས་གཏོད་ཧུར་ཐག་བྱེད་དགོས་པ་དང་། མི་རིགས་ལས་དོན་ཁྲིམས་ལྟར་བཅོས་སྐྱོང་བྱེད་པ་དང་། ཕན་ཚུན་ཕྲ་ཚོམ་བཏབ་པ་ལྟར་གཅིག་ལ་གཅིག་རྒྱན་གྱི་སྤྱི་ཚོགས་ཀྱི་གྲུབ་ཆ་དང་སྡེ་ཁུལ་གྱི་ཁོར་ཡུག་ནུས་ཤུགས་ཡོད་རྒུས་བཏོད་དེ། མི་རིགས་ཁག་ཕྱོགས་ཡོངས་ནས་ཞུགས་པའི་ལག་ལེན་གྱི་ལམ་བུ་མུ་མཐུད་རྒྱ་སྐྱེད་གཏོང་དགོས། དུས་རབས་གསར་པའི་ཏང་གི་ཆོས་ལུགས་ལས་དོན་གྱི་རིགས་པའི་གཞུང་ལུགས་དང་མཛད་ཕྱོགས་སྲིད་ཇུས་ཕྱོགས་ཡོངས་ནས་ལག་ལེན་བསྟར་ཏེ་ཆོས་ལུགས་རིགས་ཁོངས་ཀྱི་བསམ་བློ་ཆབ་སྲིད་ཀྱི་སྣེ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་དགོས།
ཞི་ཅིན་ཕིང་གིས། ཏང་ཡོངས་སུ་སྤེལ་བཞིན་པའི་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོར་དམ་འཛིན་ཏན་ཏིག་གིས་ཕན་འབྲས་ཐོན་པར་བྱས་ནས། ཏང་ཡོན་དང་ལས་བྱེད་པས་ཏང་གི་སྒྲིག་ཁྲིམས་དང་སྒྲིག་སྲོལ་སློབ་སྦྱོང་ནན་ཏན་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་། སྒྲིག་བཀུར་ཁྲིམས་སྲུང་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག་བློ་བདེའི་ངང་ལས་ཀ་བྱེད་པ་དང་། བློ་ཁོག་ཆེན་པོས་ལས་དོན་སྒྲུབ་པ། བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན་བྱེད་པ། བྱས་རྗེས་ཧུར་ཐག་འཇོག་པ་བཅས་བྱེད་དགོས། ཏང་གཤིས་དང་། ཏང་སྲོལ། ཏང་གི་སྒྲིག་ཁྲིམས་བཅས་མཉམ་དུ་དམ་འཛིན་བྱ་རྒྱུ་མཐའ་འཁྱོངས་ཀྱིས་སྤྱོད་ཚུལ་འཛུགས་སྐྱོང་རྒྱུན་རྣམ་ཅན་དང་ཕུགས་ཕན་ཅན་གྱི་ལམ་ལུགས་དང་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་། ཕྱི་ཚུལ་རིང་ལུགས་རྒྱུན་མཐུད་གཏིང་ཟབ་ངང་བཅོས་སྒྲིག་བྱས་ཏེ་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བ། རུལ་སུངས་བྱེད་མི་ཕོད་པ་དང་། རུལ་སུངས་བྱེད་མི་ཐུབ་པ། རུལ་སུངས་བྱེད་མི་འདོད་པ་བཅས་ལ་གཞི་གཅིག་ཏུ་སྐུལ་འདེད་བཏང་སྟེ། ཏང་སྲོལ་ཡག་པོར་བརྟེན་ནས་མི་སེམས་གཅིག་ཏུ་སྒྲིལ་བ་དང་སྤྱི་ཚོགས་ཀྱི་དར་སྲོལ་ལ་སྣེ་ཁྲིད་བྱེད་དགོས་ཞེས་གསུངས་པ་རེད།