འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ6ཚེས12ཉིན། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་གྲོང་ཨུད་ཀྱི་ཧྲུའུ་ཅི་ཀུང་ཧུའེ་ཚའེ་ཡིས་ལྷ་ས་འགག་སྒོ་ལས་ཁུངས་ཀྱི་ཏང་ཨུད་ཧྲུའུ་ཅི་འགོ་དཔོན་ཝང་ཧུང་ཧན་དང་བཅས་པར་བཞུགས་མོལ་གནང་ནས་ཕྱོགས་གཉིས་ཀྱིས་མཉམ་ལས་སྔར་བས་ཟབ་ཏུ་གཏོང་བ་དང་ཆབ་མདོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་ཇི་ལྟར་གཏོང་རྒྱུའི་ཐད་སྤེལ་རེས་གཏིང་ཟབ་བྱས་ཡོད།
གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཧྲེ་ཀྲང་ལའོ་ཆིན་འུའུ་དང་། གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རྒྱུན་ལས་ཧྲེ་ཀྲང་གཞོན་པ་ལིས་གོ་ཅན། གྲོང་ཨུད་ཀྱི་རྒྱུན་ཨུ་དྲུང་ཆེ་ཅཱ་ཤིན་ཡུས་བཅས་ཞུགས་ཡོད།
ཀུང་ཧུའེ་ཚའེ་ཡིས་ཆབ་མདོ་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གི་ཚབ་ཞུས་ནས་ཝང་ཧུང་ཧན་དང་བཅས་པར་དགའ་བསུ་ཞུས་པ་དང་ཆབས་ཅིག་ལྷ་ས་འགག་སྒོ་ལས་ཁུངས་ཀྱིས་དུས་ཡུན་རིང་པོའི་ནང་ཆབ་མདོའི་འཕེལ་རྒྱས་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་པ་རེད། ཀུང་ཧུའེ་ཚའེ་ཡིས་གོང་རིམ་འགོ་ཁྲིད་ཀྱི་ཐུགས་ཁུར་ཟབ་མོ་དང་ལྷག་པར་དུ་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ཚོགས་གཙོ་གནང་བའི་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ཆབ་མདོའི་འཕེལ་རྒྱས་ལ་མཐོང་ཆེན་གནང་ནས་ཆབ་མདོ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་སྤེལ་དང་། སྒྱུར་བཅོས་སྒོ་དབྱེར་སྐུལ་འདེད་གཏོང་བའི་ཐད་ཀུན་གྱི་སྔོན་ལ་སྒྲུབ་དགོས་པའི་ལས་འགན་གསར་པ་དཀྲིས་ཡོད། ལྷ་ས་འགག་སྒོ་ལས་ཁུངས་ནི་བོད་ལྗོངས་ས་ཁུལ་གྱི་འགག་སྒོའི་ལས་ཁུངས་གལ་ཆེན་ཞིག་ཡིན་པས། བོད་ཀྱི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་གཏོང་རྒྱུ་དང་ཕྱི་ཕྱོགས་ཚོང་དོན་གོང་འཕེལ་གཏོང་རྒྱུ་སོགས་ཀྱི་ཐད་ནུས་པ་གལ་ཆེན་ཐོན་ཡོད། ཆབ་མདོ་འདི་ཉིད་ནི་བོད་ཤར་གྱི“སྒོ་ཆེན”ཞིག་ཡིན་པའི་ངོས་ནས་ཆགས་ས་ཆགས་ཡུལ་ཡག་ལ་ཐོན་ཁུངས་ཀྱང་ཕུན་སུམ་ཚོགས་པོ་ཡོད། ཉེ་བའི་ལོ་ཤས་རིང་། ཆབ་མདོ་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་ཏང་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ཏེ་ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྔོན་སྐྱོད་ཁུལ་ནུས་ཤུགས་ཡོད་རྒུས་གཏོད་ཡོད། དེ་བཞིན་ཆབ་མདོས་ད་དུང་ཁྲོན་བོད་ལྕགས་ལམ་གྱི་དཔལ་འབྱོར་ཁུལ་དང་ཇ་རྟའི་གཞུང་ལམ་གྱི་དཔལ་འབྱོར་རིག་གནས་ཡུལ་སྐོར་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད་ཧུར་ཐག་བཏང་ནས“3+4”ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་སྟེ་ས་མཐོའི་ཁྱད་ཆོས་ལྡན་པ་དང་འབྱུང་འཕྲོད་ཀྱི་ལེགས་ཆ་མཚོན་པའི་དེང་རབས་ཀྱི་ཐོན་ལས་མ་ལག་ཧུར་ཐག་སྤེལ་ཡོད་ཅེས་བསྟན།
ཀུང་ཧུའེ་ཚའེ་ཡིས་ཆབ་མདོ་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་ལྷ་ས་འགག་སྒོ་ལས་ཁུངས་དང་ མཉམ་ལས་བྱ་རྒྱུར་ཚད་མཐོའི་མཐོང་ཆེན་བྱས་ཏེ་ལྷ་ས་འགག་སྒོ་ལས་ཁུངས་ཀྱིས་སྲིད་ཇུས་སྦྲེལ་མཐུད་དང་མཐུན་སྦྱོར་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་ཆབ་མདོའི་ཐོན་ལས་འཕེལ་རྒྱས་ཀྱི་སྲིད་ཇུས་དང་འགག་སྒོའི་ལྟ་སྐུལ་དོ་དམ་སྐོར་གྱི་སྲིད་ཇུས་གཉིས་ཕན་ཚུན་མཐུན་སྦྱོར་ཡོང་བའི་འགན་ལེན་བྱས་ཏེ་ཆབ་མདོའི་ཁེ་ལས་ལ་དེ་བས་སྟབས་བདེའི་ཕྱི་ཕྱོགས་ཚོང་དོན་གྱི་ཞབས་ཞུ་མཁོ་འདོན་བྱ་རྒྱུ་ཡིན་ཞེས་གསུངས། ལྷ་ས་འགག་སྒོ་ལས་ཁུངས་དང་མཉམ་ལས་ཀྱི་འབྲེལ་བ་སྔར་བས་དམ་ཟབ་བཙུགས་ཏེ་ཆབ་མདོའི་ཕྱིར་དམིགས་དཔལ་འབྱོར་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་འགྲོ་རྒྱུར་ཐུན་མོང་ཐོག་སྐུལ་འདེད་བཏང་ནས་བོད་ཀྱི་དཔལ་འབྱོར་འཕེལ་རྒྱས་དོན་དུ་ལེགས་སྐྱེས་དེ་བས་ཆེ་བ་འབུལ་རྒྱུའི་རེ་བ་ཡོད་ཅེས་གསུངས།
ཝང་ཧུང་ཧན་གྱིས་ཆབ་མདོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་ཐོབ་པའི་གྲུབ་འབྲས་ལ་ཚད་མཐོའི་གདེང་འཇོག་གནང་བ་དང་ཆབས་ཅིག་ཆབ་མདོ་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་འགག་སྒོའི་ལས་དོན་ལ་ཐོག་མཐའ་བར་གསུམ་དུ་ཐུགས་ཁུར་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ལེགས་འབུལ་ཞུས་པ་རེད། ཁོང་གིས་ཆབ་མདོའི་ཡུལ་གྱི་དགེ་མཚན་དང་ཐོན་ཁུངས་ཀྱི་ལེགས་ཆ། ལྟེ་བའི་ཡན་ལག་གྲོང་ཁྱེར་གྱི་འཕེལ་རྒྱས་ངེས་གནས་བཅས་ལ་དམ་པོར་དམིགས་ཏེ། ལས་སྒོའི་མཛུབ་ཁྲིད་ལ་ཤུགས་སྣོན་བརྒྱབ་ནས་ཆབ་མདོའི་ཁེ་ལས་ཀྱིས་ཕྱི་ཕྱོགས་ཚོང་དོན་སྲིད་ཇུས་དང་ཁྲིམས་སྲོལ། ཚད་གཞི་བཅས་ལ་དེ་བས་ལེགས་པའི་སྒོ་ནས་ཤེས་རྟོགས་ཐུབ་རྒྱུར་རོགས་རམ་བྱས་ཏེ་ཕྱི་ཕྱོགས་ཚོང་དོན་གྱི་ལས་སྒོའི་ཆུ་ཚད་དང་འགྲན་རྩོད་ནུས་པ་ཆེ་རུ་གཏོང་རྒྱུ་ཡིན། དུས་མཚུངས་སུ་ལྷ་ས་འགག་སྒོ་ལས་ཁུངས་ཀྱིས་ཆབ་མདོ་གྲོང་ཁྱེར་དང་འབྲེལ་གཏུག་མཐུན་སྦྱོར་བྱ་རྒྱུར་སྔར་བས་ཤུགས་སྣོན་བརྒྱབ་ནས་ཕྱོགས་གཉིས་པོས་མཉམ་ལས་ཀྱི་འབྲེལ་བ་དེ་བས་དམ་ཟབ་བཙུགས་ཏེ་ཆབ་མདོའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཆུ་ཚད་མཐོ་བའི་སྒོ་དབྱེར་ཐུན་མོང་ཐོག་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་བརྗོད།
བཞུགས་མོལ་ཚོགས་འདུའི་ཐོག་ཕྱོགས་གཉིས་ཀྱིས་ད་དུང་ཤེས་ལྡན་མི་སྣའི་སྤེལ་རེས་ལ་ཤུགས་སྣོན་དང་དཔལ་འབྱོར་ཉོ་ཚོང་ཐད་མཉམ་ལས་ཟབ་སྤེལ། ཐོན་ལས་ལུགས་སྒྱུར་རིམ་སྤར་ལ་སྐུལ་འདེད་གཏོང་རྒྱུ་སོགས་ཀྱི་གྲོས་གཞིར་གྲོས་བསྡུར་གཏིང་ཟབ་གནང་ཡོད།

