འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ་6ཚེས་14ཉིན་གྱི་ཕྱི་དྲོ། 2024ལོའི་ཆབ་མདོ་གྲོང་ཁྱེར་སྲིད་གྲོས་ཏང་ཙུའུ་ཡིས་(རྒྱ་ཆེ)ཚོགས་འདུ་ཐེངས་5པ་དང་སྲིད་གྲོས་སྐབས་གཉིས་པའི་ཀྲུའུ་ཞིའི་ཚོགས་འདུ་ཐེངས་26པ་འཚོགས་ཤིང་།གྲོང་ཁྱེར་སྲིད་གྲོས་ཏང་ཙུའུ་ཡི་ཧྲུའུ་ཅི།ཀྲུའུ་ཞི་རྡོ་རྗེ་དགྲ་འདུལ་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་ཡོད།
རྡོ་རྗེ་དགྲ་འདུལ་གྱིས་གྲོང་ཁྱེར་སྲིད་གྲོས་ཀྱིས་བརྒྱུད་རིམ་ལྡན་པའི་སློབ་སྦྱོང་གཏིང་ཟབ་བྱེད་པ་དང་སྲིད་གྲོས་ལས་དོན་སྐོར་གྱི་གོང་རིམ་གྱི་བཀོད་སྒྲིག་བླང་བྱ་ཁག་གི་ཚད་གཞི་དང་ཡང་ཡང་བསྡུར་བ་དང་དོན་འཁྱོལ་བྱེད་དགོས་པ། ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་བཏང་ནས་མི་དམངས་སྲིད་གྲོས་བཙུགས་ནས་ལོ་75འཁོར་བ་དང་། བོད་རང་སྐྱོང་ལྗོངས་སྲིད་གྲོས་དང་ཆབ་མདོ་གྲོང་ཁྱེར་སྲིད་གྲོས་དབུ་བརྙེས་ནས་ལོ་ངོ་65འཁོར་བར་རྟེན་འབྲེལ་ཞུ་བའི་བྱེད་སྒོ་རབ་དང་རིམ་པ་གྲ་སྒྲིག་ལས་དོན་ལ་བརྟན་པོའི་ངང་སྐུལ་འདེད་གཏོང་དགོས།འགན་འཁྲི་གཙོ་བོ་དང་ལས་ཀ་གཙོ་བོ་དམ་འཛིན་བྱས་ཏེ་ལོ་འཁོར་གྱི་གཙོ་གནད་བརྟག་ཞིབ་གྲོས་མོལ་བྱེད་སྒོ་སྒྲིག་འཛུགས་ནུས་ལྡན་དང་གོ་རིམ་ལྡན་པའི་སྒོ་ནས་ལག་བསྟར་བྱེད་དགོས། ཚད་གཞི་མི་དམའ་བར་རྒྱུན་འཁྱོངས་བྱས་ནས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་ཞིབ་ཚགས་དང་སྐོར་ཞིབ་དག་ཐེར་གྱི་ལས་དོན་ཁག་ཏན་ཏིག་དང་ལེགས་སྒྲུབ་བྱེད་དགོས། མཐུན་སྦྱོར་མཉམ་ལས་གཞོགས་འདེགས་བྱེད་ཤུགས་ཆེ་རུ་གཏོང་ནས་ལས་ཁུངས་ཀྱི་རྒྱུན་གཏན་ལས་དོན་ཁག་འཁོར་སྐྱོད་ལེགས་པོ་ཡོང་བར་འགན་ལེན་ཏན་ཏིག་བྱས་ཏེ།བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན་བྱེད་པའི་རྣམ་འགྱུར་དང་རང་འགན་ཐེག་པ་འཁུར་ལེན་གྱི་སྙིང་སྟོབས་ཐོག་ནས་ཆབ་སྲིད་ཀྱི་འགན་འཁྲི་བློ་ལ་བརྟན་པོར་ངེས་དགོས།“རྒྱལ་ཁབ་ཀྱི་དོན་ཆེན་”བློ་ལ་བརྟན་པོར་ངེས་པ་དང་། སྲིད་གྲོས་ཀྱི་ལས་དོན་དེ་དུས་རབས་གསར་པའི་ནུབ་རྒྱུད་གསར་འབྱེད་ཆེན་པོ་དང་གྲོང་ཁྱེར་ཡོངས་ཀྱི་ལས་དོན་ཁྱོན་ཡོངས་ཀྱི་ནང་དུ་བཞག་ནས་བསམ་བློ་བཏང་སྟེ།གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་ལ་ཚན་རིག་དང་མཐུན་པའི་ཐབས་ཇུས་འདོན་པ་དང་ཐབས་ཇུས་ལག་བསྟར་ལ་ཞབས་འདེགས་ཡག་པོ་ཞུ་དགོས་པའི་རེ་བ་བཏོན་ཡོད།
ཚོགས་འདུའི་ཐོག སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན་《ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་གཏོང་བ་ནི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ནང་གནས་བླང་བྱ་དང་ཤུགས་རྒྱག་ས་གལ་ཆེན་ཞིག་ཡིན།》ཞེས་པ་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་དངུལ་རྩའི་ལས་དོན་ཚོགས་འདུའི་ཐོག་ཝང་ཅུན་ཁྲེང་གིས་གནང་བའི་གསུང་བཤད་སོགས་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་རེད། ཚོགས་འདུའི་ཐོག་ད་དུང《ཆབ་མདོའི་སྲིད་གྲོས་དབུ་བརྙེས་ནས་ལོ་ངོ་65འཁོར་བའི་ཡིག་རིས་འགྲེམས་སྟོན་བྱེད་སྒོའི་ཇུས་གཞི》སོགས་ཀྱི་དོན་ཚན་ལ་ཞིབ་འཇུག་བྱས་ཡོད།
གྲོང་ཁྱེར་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཧུའུ་ཏེང་ཧྥུའུ་དང་ཐུབ་དགའ། འཕྲིན་ལས། ཀྲང་ཧུང་ཅུན། ཚེ་རིང་ནོར་བུ། དབྱང་དབྱིན་སོགས་ཚོགས་འདུར་ཞུགས་པ་རེད།

