མཐོ་རིམ་སློབ་འབྲིང་ལོ་རིམ་གསུམ་པའི་སློབ་མར་གནོན་ཤུགས་ཡང་དུ་གཏོང་བ་དང་བག་ཕེབས་ངང་མཐོ་རྒྱུགས་མདུན་བསུ་བྱ་ཆེད།ཉེ་ཆར་ཐན་ཅིན་བོད་སྐྱོར་རུ་ཁག་དང་ཆབ་མདོ་གྲོང་ཁྱེར་སློབ་གསོ་ཅུས་ཀྱིས་མཉམ་འབྲེལ་ཐོག“འཛམ་གླིང་ཕྱོགས་སུ་བསྐྱོད།ཕུགས་འདུན་ལ་ནུས་ཤུགས་བསྣན་”ཞེས་པའི་བརྗོད་བྱའི་གཙོ་བོར་བྱས་པའི་མཐོ་རིམ་སློབ་འབྲིང་ལོ་རིམ་གསུམ་པའི་སློབ་མའི་སེམས་ཁམས་ཀྱི་གནོན་ཤུགས་ཡང་དུ་གཏོང་བའི་ཟུར་ཁྲིད་བྱེད་སྒོ་སྤེལ་བ་རེད།
ཐན་ཅིན་གྲོང་ཁྱེར་ཝུའུ་ཐུང་སློབ་འབྲིང་དང་ཐན་ཅིན་གྲོང་ཁྱེར་སློབ་གསོ་ཚན་རིག་ཞིབ་འཇུག་གླིང་ཞོར་གཏོགས་ཧོ་པེ་སློབ་འབྲིང་གི་ཐན་ཅིན་བོད་སྐྱོར་སེམས་ཁམས་དགེ་རྒན་གཉིས་ཀྱིས་ཆབ་མདོ་གྲོང་ཁྱེར་མཐོ་རིམ་སློབ་འབྲིང་བཞི་པའི་ལོ་རིམ་གསུམ་པའི་སློབ་མ་800ལྷག་ཙམ་ལ་དམིགས་ནས་ནང་དོན་ཕུན་སུམ་ཚོགས་ཤིང་གསོན་ཤུགས་ལྡན་པའི་རྒྱུགས་མ་ལེན་གོང་གི་སེམས་ཁམས་གནོན་ཤུགས་ཡང་དུ་གཏོང་བའི་ཟུར་ཁྲིད་བྱེད་སྒོ་སྤེལ་བ་རེད།
བྱེད་སྒོའི་ཁྲོད་སེམས་ཁམས་དགེ་རྒན་རྣམ་གཉིས་དང་མཐོ་རིམ་སློབ་འབྲིང་ལོ་རིམ་གསུམ་པའི་སློབ་མ་ཚོས་དང་མཉམ་དུ་སྟབས་བདེའི་རོལ་རྩེད་འགོ་ཚུགས་ས་བྱས་ནས། སློབ་མ་ཚོར་མཐོ་རྒྱུགས་མ་ལེན་གོང་འབྱུང་སྲིད་པའི་སེམས་ཁྲལ་དང་འཚབ་འཚུབ། གཉིད་མི་ཁུག་པ་སོགས་ཀྱི་སེམས་ཁྲལ་གནད་དོན་བཤད་པ་རེད། གསོན་ཉམས་དོད་པའི་རོལ་རྩེད་ཁྲོད་རྒྱུགས་སྤྲོད་མཁན་སློབ་མར་ཇི་ལྟར་བྱས་ནས་བློ་ཁར་དོ་དམ་དང་གནོན་ཤུགས་གྲོལ་པའི་སྐོར་འགྲེལ་བཤད་བརྒྱབ་སྟེ།རྒྱུགས་ལེན་མཁན་སློབ་མར་དགེ་མཚན་ལྡན་པ་དང་ཡར་ཐོན་གྱི་སེམས་ཁམས་ཐོག་ནས་རྒྱུགས་སྤྲོད་པར་ཁ་གཏད་གཅོག་ཤེས་པའི་ལྕག་སྐུལ་གནང་བ་རེད།
བྱེད་སྒོ་སྤེལ་ཡུལ་དུ་ཐལ་མོ་རྡེབ་སྒྲ་དང་དགོད་སྒྲས་ཁེངས་ནས་སློབ་མའི་སེམས་ཁམས་ལྷོད་གཡེང་དུ་གཏོང་བ་དང་། གནོན་ཤུགས་ཡང་དུ་གཏོང་བ་དང་རྒྱུགས་སྤྲོད་རོགས་མཐུན། འདོད་བློ་གཅིག་ཏུ་སྒྲིལ་བ། སེམས་ཁམས་སྙོམས་སྒྲིག འབྱུང་འགྱུར་ལ་རྒྱང་ལྟ་བཅས་བྱེད་པའི་དམིགས་ཡུལ་འགྲུབ་པ་རེད།
ཆབ་མདོ་སློབ་གསོ་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས། སླད་ཕྱིན་ཆབ་མདོ་སློབ་གསོ་ཅུས་དང་ཐན་ཅིན་བོད་སྐྱོར་རུ་ཁག་དབར་མུ་མཐུད་འབྲེལ་བ་དམ་ཟབ་བྱས་ནས། སྤུས་ལེགས་ཀྱི་སློབ་གསོའི་བོད་སྐྱོར་ཐོན་ཁུངས་ལ་བརྟེན་ནས་ཆབ་མདོའི་སློབ་གསོའི་འཕེལ་རྒྱས་ལ་སྔར་བས་སྐུལ་འདེད་གཏོང་རྒྱུ་དང་།རིགས་གཅིག་མཁས་ཅན་གདན་འདྲེན་ཞུས་ནས་ཆབ་མདོའི་སློབ་གྲྭ་འབྲིང་ཆུང་ལ་རྒྱུན་སྣང་ཅན་གྱི་སེམས་ཁམས་བདེ་ཐང་སློབ་གསོ་སྤེལ་བར་མཛུབ་ཁྲིད་བྱས་ཏེ་སློབ་མས་རང་ཉིད་ངོས་འཛིན་ཧུར་ཐག་དང་། སེམས་ཁམས་བྱང་ཚད་མཐོ་རུ་གཏོང་བ། སེམས་ཁམས་ཀྱི་མི་མངོན་པའི་ནུས་པ་འདོན་སྤེལ་བཅས་བྱས་ནས་སྤྲོ་སྣང་ལྡན་པའི་ངང་འཚར་ལོངས་ཡོང་བར་རོགས་རམ་བྱ་རྒྱུ་ཡིན་ཞེས་མཚོན་པ་རེད།

