国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2024年06月07日

ངེད་གྲོང་ཁྱེར་གྱིས་དྲུག་ལྔའི་འཛམ་གླིང་ཁོར་ཡུག་ཉིན་མོའི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ།

ལས་དོན་མི་སྣས་སྐྱེ་ཁམས་ཁོར་ཡུག་ཤེས་བྱ་འགྲེལ་བཤད་བརྒྱབ་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ་6ཚེས་5ཉིན་གྱི་སྔ་དྲོ། གྲོང་ཁྱེར་སྐྱེ་ཁམས་ཁོར་ཡུག་ཅུས་ཀྱིས་གྲོང་ཁྱེར་འཕེལ་སྒྱུར་ཨུ་ལྷན་དང་། གྲོང་ཁྱེར་སློབ་གསོ་ཅུས་སོགས་དང་མཉམ་འབྲེལ་བྱས་ཏེ་རྒྱལ་ཁབ་གློག་དྲ་བོད་ལྗོངས་ཆབ་མདོ་གློག་ཤུགས་གློག་འདོན་ཀུང་སི་དང་གཡུ་ལུང་ཟངས་གཏེར་ཀུང་སི་སོགས་ཚན་པ་30དང་མཉམ་དུ“མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་རྒྱུ”ཞེས་པའི་དྲུག་ལྔའི་འཛམ་གླིང་ཁོར་ཡུག་ཉིན་མོའི་དྲིལ་བསྒྲགས་བྱེད་སྒོ་སྤེལ་ཡོད། ཉིན་དེར་ངེད་གྲོང་ཁྱེར་གྱི་རྫོང(ཆུས)ཁག་གིས་ཀྱང་འཛམ་གླིང་ཁོར་ཡུག་ཉིན་མོའི་དྲིལ་བསྒྲགས་བྱེད་སྒོ་སྤེལ་ནས་སྤྱི་ཚོགས་ཡོངས་ཀྱིས“རི་སྔོ་ཆུ་དྭངས་གསེར་རི་དངུལ་རི་ཡིན་པའི”འདུ་ཤེས་བརྟན་པོ་འཛུགས་པ་དང་ལག་ལེན་བསྟར་རྒྱུར་ཁྲིད་སྟོན་བྱས་པ་རེད།

ཇ་རྟའི་ཐང་ཆེན་དུ་དྲིལ་བསྒྲགས་བྱེད་སྒོ་སྤེལ་རིང་། གྲོང་ཁྱེར་སྐྱེ་ཁམས་ཁོར་ཡུག་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས་གྲོང་ཁྱེར་ཡོངས་ཀྱི་2023ལོའི་སྐྱེ་ཁམས་ཁོར་ཡུག་ལས་དོན་གྱི་གནས་ཚུལ་ངོ་སྤྲོད་བྱས་པ་དང་། གྲྭ་པ་དང་། མང་ཚོགས། ཁེ་ལས་བཅས་ཀྱི་འཐུས་མི་ཚོས་ཁག་སོ་སོར་རྒྱ་ཆེའི་གྲོང་མི་ཚོར་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་གྲོས་འགོ་བཏོན་ཡོད་ལ།

ཁ་རུབ་ཆུས་རིག་རྩལ་ཚོགས་པ་དང་གྲོང་ཁྱེར་སྐྱེ་ཁམས་ཁོར་ཡུག་ཅུད་ཀྱི་ལས་བྱེད་པ་དང་ལས་བཟོ་ཚོས་ད་དུང་ཚང་མར་ཞབས་བྲོ་དང་། གླུ་གཞས། དེ་བཞིན་མཉམ་གཞས་སོགས་ལེ་ཚན་བཏང་ནས་ས་ཡུལ་དངོས་སུ་རྒྱ་ཆེའི་གྲོང་མི་དང་གྲོགས་པོ་རྣམས་ཧུར་བརྩོན་གྱིས་ཞུགས་པ་དང་ཚུར་སྣང་ལན་ཆ་དྲག་པོ་བྱུང་བ་རེད།

བྱེད་སྒོའི་ནང་ལས་དོན་མི་སྣས་ཁོར་ཡུག་སྲུང་སྐྱོང་དྲིལ་བསྒྲགས་འགྲེམས་པང་བཀོད་སྒྲིག་དང་།དྲིལ་བསྒྲགས་དཔྱད་ཡིག་སྤྲོད་པ།བློ་འདྲིའི་སྟེགས་བུ་འཛུགས་པ་སོགས་ཀྱི་རྣམ་པའི་ཐོག་ནས་གོ་བདེ་ཞིང་ཤེས་སླ་བའི་སྐད་ཆའི་ཐོག་ནས་འགྲོ་འོང་བྱེད་མཁན་མང་ཚོགས་ལ་ཤེས་བྱ་དྲིལ་བསྒྲགས་ཁྱབ་གདལ་བཏང་སྟེ་མང་ཚོགས་ལ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ནང་ཞུགས་མཁན་དང་། ལྟ་སྐུལ་བྱེད་མཁན། བྱ་སྤྱོད་སྤེལ་མཁན་བཅས་བྱ་རྒྱུའི་ཁྲིད་སྟོན་བྱས་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་བྱེད་སྒོར་འཕྲེད་འགེལ་སྦྱར་ཡིག་30ལྷག་ཙམ་བཀལ་བ་དང་དྲིལ་བསྒྲགས་དཔྱད་ཡིག15000ལྷག་ཙམ་སྤྲད་པ། ཁོར་ཡུག་སྲུང་སྐྱོང་གི་ཟོག་ཉོའི་ཁུག་མ་དང་། དྲོད་སྲུང་པིས་ཙི། ཞྭ་མོ། ཆར་གདུགས་སོགས་རིགས་ཁག་གི་དྲིལ་བསྒྲགས་དངོས་པོ་6000ལྷག་ཙམ་སྤྲད་པ་རེད།