ཟླ་5ཚེས་10ཉིན་གྱི་དགོང་མོར། ཧྥུའུ་ཀྲོའུ་གྲོང་ཁྱེར་ཧྥུའུ་ཅན་ཟློས་གར་ཁང་ཆེན་དུ་གློག་འོད་ཆེམ་ཆེམ་དུ་འཕྲོ་བཞིན་ལྟད་མོ་བས་ཁེངས།ཆབ་མདོ་གྲོང་ཁྱེར་ཁམས་པའི་རིག་གནས་སྒྱུ་རྩལ་ཚོགས་པའི་ཕུལ་བྱུང་རིག་རྩལ་བརྩམས་ཆོས་13ལས་གྲུབ་པའི“ཧྥུའུ་ཅན་དང་བོད་ལྗོངས་ཁྱིམ་ཚང་གཅིག་ལྟར་བརྩེ”ཞེས་པའི་ཧྥུའུ་ཅན་དུ་བསྐྱོད་དེ་སྐོར་འཁྲབ་བྱེད་པའི་བྱེད་སྒོའི་འཁྲབ་སྟོན་ཐེངས་དང་པོ་དེ་གར་འགོ་ཚུགས་པར། ཧྥུའུ་ཅན་ཞིང་ཆེན་གྱི་ཁ་གཏད་རོགས་སྐྱོར་ཁོངས་མིའི་ཚན་པ་ཁག་དང་།བོད་སྐྱོར་ལས་དོན་རུ་ཁག་ཁག་ཐེངས་རིམ་པའི་ཤེས་ལྡན་པའི་འཐུས་ཚབ། ཧྥུའུ་ཅན་དུ་ཡོད་པའི་ཐའེ་དབན་གྱི་གཞོན་ནུའི་འཐུས་ཚབ། ཆབ་མདོ་གྲོང་ཁྱེར་གྱི་ཚོང་གཉེར་ཁོར་ཡུག་ལེགས་གཏོང་ཆེད་དོན་གསོ་སྦྱོང་འཛིན་གྲྭའི་སློབ་མ་སོགས་ཁྱོན་མི་800ལྷག་ཞུགས་ཡོད་པ་རེད།
“ད་རེས་ཀྱི་སྐོར་འཁྲབ་བྱེད་སྒོ་འདི་ནི་ཧྥུའུ་ཅན་དང་ཆབ་མདོའི་དབར་གྱི་སྤེལ་རེས་ཙམ་མ་ཡིན་པར་ཁམས་པའི་རིག་གནས་ཀྱི་འགྲུལ་བཞུད་ཐེངས་ཤིག་ཡིན་ལ་བོད་སྐྱོར་གྱི་བཀའ་དྲིན་ཚོར་བའི་འགྲུལ་བཞུད་ཅིག་ཀྱང་ཡིན། སྐོར་འཁྲབ་བྱས་པ་བརྒྱུད་ཆབ་མདོའི་ཐུན་མོང་མ་ཡིན་པའི་དམངས་སྲོལ་རིག་གནས་དང་དེ་བཞིན་དུས་རབས་གསར་པར་བདེ་སྐྱིད་ལྡན་པའི་ཆབ་མདོ་འཛུགས་སྐྲུན་དང་ཧྥུའུ་ཅན་བོད་སྐྱོར་ལས་བྱེད་པའི་བོད་སྐྱོར་བརྩེ་སེམས་མཚོན་པར་བྱས་པ་མ་ཟད། ད་དུང་མི་རིགས་རིག་གནས་སྒྱུ་རྩལ་འཕེལ་རྒྱས་དང་མི་རིགས་ཁག་དབར་གྱི་འགྲོ་འོང་དང་སྤེལ་རེས་མཉམ་འདྲེས་ལ་སྐུལ་འདེད་ཀྱང་བཏང་ཡོད”ཅེས་ཆབ་མདོ་གྲོང་ཨུད་ཀྱི་དྲུང་ཆེ་གཞོན་པ་ཧྥུའུ་ཅན་ཞིང་ཆེན་གྱི་བོད་སྐྱོར་ལས་དོན་རུ་ཁག་ཁག་བཅུ་པའི་ཕྱོགས་བསྡུས་ཚོགས་ཆུང་གི་ཙུའུ་ཀྲང་ལི་ཝུན་ཤིན་གྱིས་བཤད།
རིག་གནས་སྤེལ་རེས་བྱས་པས་མཛའ་བརྩེ་སྔར་བས་ཟབ་ཏུ་ཕྱིན་པ། སྤྱི་ལེ་སུམ་སྟོང་ལྷག་བརྒལ་བའི་རིག་གནས་སྤེལ་རེས་བྱེད་སྒོ་འདི་ལས་མཛའ་གྲོགས་ཀྱི་བརྩེ་སེམས་ཟབ་མོ་ཆགས་ནས། ཧྥུའུ་ཅན་དང་ཆབ་མདོའི་རིག་གནས་སྤེལ་རེས་ལ་མཐོང་སྣང་གསར་པ་བཏོད་ཡོད། ལོ་སུམ་ཅུའི་རིང་། ཧྥུའུ་ཅན་ཞིང་ཆེན་གྱི་བོད་སྐྱོར་ལས་དོན་རུ་ཁག་ཁག་ཐེངས་རིམ་པའི་ཤེས་ལྡན་པ་ཚོས་རིག་གནས་ཤེས་ལྡན་པ་གསོ་སྐྱོང་དང་། རིག་གནས་སྒྲིག་བཀོད་རོགས་སྐྲུན། རིག་གནས་སྤེལ་རེས་འགྲོ་འོང་སོགས་བརྒྱུད་ཤེས་དཔལ་གྱིས་ཕྱུག་པའི་གནའ་བོའི་བོད་ཀྱི་རིག་གནས་རྒྱས་བཀྲོལ་དང་ཡུན་རིང་དར་འཕེལ་བྱུང་བའི་ཧྥུའུ་ཅན་གྱི་རིག་གནས་སྐྱོང་སྤེལ་བྱས་ནས། བོད་ཀྱི་མི་རིགས་ཁག་གི་མང་ཚོགས་ལ་ཕུན་སུམ་ཚོགས་པའི་བསམ་པའི་འཚོ་བཅུད་མཁོ་འདོན་བྱས་ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན། ཐེངས་འདིའི་སྐོར་འཁྲབ་བྱེད་སྒོར་ཁྱོན་འཁྲབ་ཐེངས་བཞི་ཡོད་ཅིང་། འཁྲབ་ཐེངས་དང་པོ་མཇུག་འགྲིལ་རྗེས་ཧྥུའུ་ཀྲོའུ་གྲོང་ཁྱེར་ལུའོ་ཡོན་རྫོང་དང་། ཀྲང་ཀྲོའུ་གྲོང་ཁྱེར། ཞ་མོན་གྲོང་ཁྱེར་བཅས་སུ་འཁྲབ་སྟོན་བྱ་རྒྱུ་ཡིན་པ་རེད།