འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ5པའི་ཚེས27ཉིན་གྱི་ཕྱི་དྲོ། གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་གྲོང་སྤྱི་ལའོ་ཆིན་འུའུ་ཡིས་གྲོང་ཁྱེར་སྲིད་གཞུང་གི་ཏང་ཙུའི(རྒྱ་ཆེ)ཚོགས་འདུ་འཚོགས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་དུས་ཀྱི་གསུང་བཤད་གལ་ཆེན་དང་།མཛུབ་སྟོན་གལ་ཆེན།འཕྲིན་ལན་གལ་ཆེན་བཅས་ཀྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ཏེ་སྲིད་གཞུང་ཁོངས་གཏོགས་ཀྱི་ལག་བསྟར་དོན་འཁྱོལ་བྱ་ཐབས་ཞིབ་འཇུག་དང་བཀོད་སྒྲིག་བྱས་པ་རེད།
ཚོགས་འདུ་ཡིས་ཏང་ཡོངས་སུ་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་རྒྱག་རྒྱུ་ནི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་གནང་བའི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ཞིག་དང་།ཏང་གི་སྒྲིག་ཁྲིམས་འཛུགས་སྐྱོང་ལ་ཤུགས་སྣོན་དང་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ་གཏིང་ཟབ་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བའི་བྱ་ཐབས་གལ་ཆེན་ཞིག་ཡིན་པས་སྲིད་གཞུང་ཁོངས་གཏོགས་ཀྱི་རིམ་ཁག་ཏང་ཙུའུ(ཏང་ཨུད)དང་ཏང་ཡོན་ལས་བྱེད་པ་ཚོས་ཆབ་སྲིད་ཀྱི་ཚུགས་གནས་སྔར་བས་མཐོ་རུ་གཏོང་བ་དང་།
ནུས་ཤུགས་ཡོད་རྒུས་དོན་འཁྱོལ་དམ་འཛིན་དང་ཕན་འབྲས་དངོས་ཐོན་ཐབས་བྱེད་པ། གྲོང་ཁྱེར་ཐད་གཏོགས་ལས་སྒོའི་སྡེ་ཚན་གྱིས་རང་འགུལ་ངང་ལས་དོན་སྒྲུབ་པ། བློ་ཁོག་ཆེན་པོས་འགན་འཁྲི་སྒྲུབ་པ། འགན་འཁྲི་ལེགས་སྒྲུབ་བཅས་བྱེད་པ་དང་། རྟག་ཏུ་གཞི་རིམ་གྱི་འཐབ་ཕྱོགས་དང་པོར་བསྐྱོད་དེ་སྐུལ་འདེད་ཞིབ་བཤེར་ལས་དོན་སྤེལ་བ། ཕྱོགས་ཡོངས་ནས་སྲིད་ཇུས་སྒྲོག་འགྲེལ་བྱས་ཏེ་གོང་རིམ་ཏང་ཨུད་དང་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་དང་གཙོ་གནད་ལས་དོན་ཐད་གཞི་རིམ་ལས་བྱེད་པ་དང་མང་ཚོགས་ཀྱི་ཤེས་རྟོགས་ཐུབ་ཚད་མཐོ་རུ་བཏང་ནས་ལས་དོན་ཁག་ནུས་ཆེའི་ངང་དོན་འཁྱོལ་ཡོང་བ་བྱེད་པའི་ཕན་འབྲས་དངོས་ཀྱི་ཐོག་ནས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་དང་སློབ་གསོའི་གྲུབ་འབྲས་མངོན་པར་བྱེད་དགོས་ཞེས་བསྟན་ཡོད།
ཚོགས་འདུ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡུལ་སྐོར་ལས་དོན་ཐད་གནང་བའི་མཛུབ་སྟོན་གལ་ཆེན་ནང་དུས་རབས་གསར་པའི་ཡུལ་སྐོར་ལས་དོན་གྱི་ལོ་རྒྱུས་ལས་འགན་དང་གཙོ་གནད་ལས་འགན་གསལ་སྟོན་གནང་ནས་ཡུལ་སྐོར་ལས་རིགས་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་ཆེད་རྩ་བའི་གཞི་འཛིན་ས་མཁོ་འདོན་བྱས་ཡོད་པས། རྫོང(ཆུས)དང་རིག་གནས་ཡུལ་སྐོར་སྡེ་ཚན་ཁག་གིས་རང་གྲོང་ཁྱེར་གྱི་རིག་གནས་ཤུལ་བཞག་གི་གཞི་གྲངས་ཁྱོན་ཡོངས་ནས་གསལ་རྟོགས་བྱེད་དགོས། སྨར་ཁམས་ཀྱི་གནའ་བོའི་ཚྭ་ཞིང་དང་། སྤོམ་མདའ་ཚང་དང་ཐང་ཕུའི་རྫོང་ཡ་མོན་སོགས་རིག་གནས་ཤུལ་བཞག་དང་ཆབ་མདོའི“གླུ་གར་ཆེན་པོ་གསུམ”དང་ཐང་ག་འབྲི་རྩལ་སོགས་གཟུགས་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་དང་། སྲུང་སྐྱོང་། བེད་སྤྱོད་བཅས་ནུས་ལྡན་བྱེད་དགོས་ལ། ས་ཁོངས་ཧྲིལ་པོའི་ཡུལ་སྐོར་དཔེ་སྟོན་ཁུལ་དང་ཇ་རྟའི་དཔལ་འབྱོར་དང་རིག་གནས་ཡུལ་སྐོར་ཁུལ་ཚན་རིག་དང་མཐུན་པའི་སྒོ་ནས་བཀོད་སྒྲིག་བྱེད་དགོས་ཤིང་། ལྷོ་རོང་གི་ཤོ་པ་མདོ་གྲོང་རྡལ་དེ་མི་རིགས་མཐུན་སྒྲིལ་དཔེ་སྟོན་གྲོང་རྡལ་ཞིག་ཏུ་བསྐྲུན་པར་ཤུགས་སྣོན་བརྒྱག་དགོས་ལ། འཇོ་མདའི་སྐམ་ཐོག་གྲོང་རྡལ་དང་། དཔའ་ཤོད་རྒྱལ་མོ་རྔུལ་ཆུའི་ཟམ་ཆེན་དེ་གསར་བརྗེའི་ཡུལ་སྐོར་གནས་མཆོག་ཁུལ་ཞིག་ཏུ་བསྐྲུན་ནས།“ངོ་མཚར་ཆེ་བའི་ཁམས་པ། དགའ་ཞིང་སྐྱིད་པའི་ཆབ་མདོའི”ཡུལ་སྐོར་སྤུས་རྟགས་ཤིག་བཟོ་དགོས་ཞེས་ནན་བཤད་གནང་ཡོད།
ཚོགས་འདུ་ཡིས་སློབ་གསོའི་སྡེ་ཚན་གྱིས་སློབ་གྲྭའི་བསམ་བློ་ཆབ་སྲིད་སློབ་ཚན་འཛུགས་སྐྱོང་ལ་རྒྱུན་མཐུད་སྐུལ་འདེད་གཏོང་བ་དང་། གྲོང་ཁྱེར་ཡོངས་ཀྱི་སློབ་གྲྭ་འབྲིང་ཆུང་གི་བསམ་བློ་ཆབ་སྲིད་སློབ་ཚན་གཞི་གཅིག་ཅན་འཛུགས་སྐྱོང་ལ་སྐུལ་འདེད་གང་ལེགས་གཏོང་བ། སློབ་མར་གོ་བའི་སྐད་ཆ་ཤོད་པ་དང་ལྟ་འདོད་ཉན་སྤྲོའི་བྱེད་ཐབས་ལ་བརྟེན་ནས་དུས་རབས་གསར་པའི་ཆབ་མདོའི་གཏམ་རྒྱུད་དང་གསར་བརྗེའི་གཏམ་རྒྱུད་ཡག་པོ་ཤོད་པ། སློབ་མར་ཏང་གི་རིགས་གཞུང་གསར་གཏོད་བྱེད་པའི་ལག་ལེན་གྱི་སྟོབས་ཤུགས་རླབས་པོ་ཆེ་མྱོང་ཚོར་ཐུབ་པར་ཁྲིད་སྟོན་བྱེད་ཅིང་། རྒྱལ་ཁབ་ཀྱི་གནས་ཚུལ་དང་མི་དམངས་ཀྱི་གནས་ཚུལ་ཤེས་རྟོགས་དེ་བས་ལེགས་པ་བྱེད་པ། ཀུན་སྤྱོད་དང་། ཤེས་རིག ལུས་རྩལ། མཛེས་རིག ངལ་རྩོལ་བཅས་ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་བའི་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་པ་དང་རྒྱུན་འཛིན་པ་གསོ་སྐྱོང་གང་དྲག་བྱེད་རོགས་བཅས་བྱེད་དགོས་ཞེས་ནན་གསུང་གནང་ཡོད།
ཚོགས་འདུའི་ཐོག་ཚོགས་ཞུགས་མི་སྣས་ད་དུང་ཉེན་ཟོན་སློབ་གསོའི་ཆེད་དོན་པར་གཞིར་མཉམ་དུ་བལྟས་པ་རེད།