འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ5པའི་ཚེས23ཉིན་ནས་ཚེས28ཉིན་བར། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་གྲོང་ཨུད་ཀྱི་ཧྲུའུ་ཅི་ཀུང་ཧུའེ་ཚའེ་སྟེང་ཆེན་རྫོང་དུ་ཕེབས་ཏེ་དབྱར་རྩྭ་དགུན་འབུ་བརྐོ་འཐུ་དང་། དགོན་སྡེའི་དོ་དམ། ཐོན་ལས་འཕེལ་རྒྱས། མང་ཚོགས་ཀྱི་འབབ་འཕར། གཞི་རིམ་བཅོས་སྐྱོང་། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་སོགས་ཀྱི་ལས་དོན་རྟོག་ཞིབ་གནང་བ་མ་ཟད་གཞི་རིམ་ལས་བྱེད་མང་ཚོགས་ལ་གཟིགས་པ་དང་འཚམས་འདྲི་གནང་ཞིང་། ཁོང་གིས་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་ནན་ཏན་བྱས་ཏེ། བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས་བཅས“དོན་ཆེན་བཞིར”རྒྱུན་སྲིང་ལྷོད་མེད་ངང་དམ་འཛིན་བྱེད་པ་དང་། སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་སྔར་བས་དམ་འཛིན། ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་སྤེལ་བཅས་བཏང་སྟེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་ཆབ་མདོ་གསར་པ་ཕྱོགས་ཡོངས་ནས་བསྐྲུན་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས་པའི་ནན་བཤད་གནང་ཡོད།
སྤུ་རྒྱལ་གངས་རི་མཐོ་ཞིང་ཀྲོང་ངེར་འགྱིང་བ་དང་། འཁྱགས་ཀླུང་འདབས་ཀྱི་མཚོ་མོ་དྭངས་ཤིང་གསལ་ལ་རི་མོ་མཁན་གྱིས་བྲིས་པ་དང་ཀུན་ནས་མཚུངས། གནས་འདིའི་མཛེས་སྡུག་གི་ཡུལ་ལྗོངས་ཀྱིས་ཡུལ་སྐོར་བ་མང་པོ་ཞིག་གི་ཡིད་ཀྱི་བརྟན་པ་ཅིག་ཅར་དུ་འཕྲོག་ཡོད། ཀུང་ཧུའེ་ཚའེ་འཁྱགས་ཀླུང་གི་མཚོ་མོའི་འགྲམ་དུ་ཕེབས་ཏེ་རིག་གནས་ཡུལ་སྐོར་ཐོན་ལས་འཆར་འགོད་དང་ཡུལ་སྐོར་མགྲོན་པོ་སྣེ་ལེན་ཞབས་ཞུ་བྱས་ཚུལ་ལ་མཁྱེན་རྟོགས་ཞིབ་ཕྲ་གནང་ཞིང་། ཁོང་གིས་སྟེང་ཆེན་རྫོང་ལ་སྣོད་བཅུད་མ་ལག་གི་གདོད་མའི་རང་བཞིན་དང་ཆ་ཚང་རང་བཞིན་ལྡན་ཡོད་པ་དང་། སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་དང་རང་བྱུང་མཛེས་ལྗོངས་མང་པོ་ཡོད་པས། ཡུལ་སྐོར་ཐོན་ལས་འཕེལ་རྒྱས་གཏོང་བར་ད་ཆ་དོན་དུ་གཉེར་བ་དང་འབྱུང་འགྱུར་རེ་བས་ཁེངས་ཡོད། ཡུལ་སྐོར་ལམ་རྒྱུད་ཀྱི་ཤང་གྲོང་དང་གྲོང་ཚོ(སྡེ་ཁུལ)གྱི་ཉམས་འགྱུར་སྒྱུར་བཀོད་དང་། ཨར་ཁང་དང་། སྒར་ས། གློག་གསོག་ཕུར་པ། འཕྲིན་གཏོང་སྒྲིག་ཆས་སོགས་ཡུལ་སྐོར་ཞབས་ཞུའི་ལེ་ལག་ཚང་བའི་སྒྲིག་ཆས་འཛུགས་སྐྲུན་མགྱོགས་སུ་བཏང་སྟེ་མི་རིགས་ཁག་གི་མང་ཚོགས་རྣམས་ཡུལ་སྐོར་རྣམ་གྲངས་འཛུགས་སྐྲུན་དང་། ཐོན་ལས་འཕེལ་རྒྱས། སྣེ་ལེན་ཞབས་ཞུ་བཅས་ཀྱི་ཁྲོད་དུ“ཡུལ་སྐོར་གྱི་ཟ་མ”ཟ་ཐུབ་པ་དང་“ཕྱུག་འགྱུར་ལམ་བུའི”ཐོག་བསྐྱོད་ཐུབ་པ་བྱེད་དགོས་ཅེས་བསྟན།
གཡུང་དྲུང་དཔལ་རི་དགོན་ནི་ཞེ་གཞུང་ཤང་ཞེ་གཞུང་གྲོང་ཚོར་ཡོད། ཉེ་བའི་ལོ་ཤས་རིང་། དགོན་པ་དེ་གས་ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་འཛུགས་སྐྲུན་དང་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་ཕན་ཚུན་ཟུང་འབྲེལ་བྱ་རྒྱུར་ཧུར་ཐག་ངང་སྐུལ་འདེད་བཏང་སྟེ་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཚོགས་པའི་འདུ་ཤེས་སློབ་གསོའི་རྟེན་གཞི་གཏོད་པ་དང་།“འདུ་ཤེས་གསུམ”སློབ་གསོ་གཏིང་ཟབ་ངང་སྤེལ་བས་དགེ་འདུན་པའི“མོས་སེམས་ལྔ”མཐོར་འདེགས་སུ་སོང་ཡོད། ཀུང་ཧུའེ་ཚའེ་ཡིས་ཡུང་དྲུང་དཔལ་རི་དགོན་གྱི་དགེ་འདུན་པ་དང་། དགོན་སྡོད་ལས་བྱེད་པ། སྤྱི་བདེ་མི་དམངས་ཉེན་རྟོག་པར་གཟིགས་པ་དང་འཚམས་འདྲི་དང་། དགོན་སྡེའི་ལས་དོན་གནས་ཚུལ་སྙན་སེང་ལ་གསན་པ། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཚོགས་པའི་འདུ་ཤེས་སློབ་གསོའི་རྟེན་གཞིར་ལྟ་སྐོར། དགོན་སྡེའི་གྲྭ་བཙུན་གྱི་འཚོ་བ་དང་སྒོམ་སྒྲུབ་ཉམས་ལེན་བྱས་ཚུལ་བཅས་ལ་ཤེས་རྟོགས་གནང་ཡོད། ཁོང་གིས་རྒྱ་ཆེའི་གྲྭ་བཙུན་ཚོས་བོད་བརྒྱུད་ནང་བསྟན་གྱི་རྒྱལ་གཅེས་ཆོས་གཅེས་ཀྱི་སྲོལ་རྒྱུན་བཟང་པོ་དར་སྤེལ་བཏང་ནས་“ཚད་གཞི་བཞི”བརྩི་སྲུང་གིས“བཟང་པོ་བཞིའི་དགེ་འདུན་པ”ཞིག་བྱེད་ཐུབ་པའི་བརྩོན་ལེན་བྱེད་དགོས།“འདུ་ཤེས་གསུམ”སློབ་གསོ་དང་《བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུའི་ཡང་སྲིད་དོ་དམ་བྱ་ཐབས》དྲིལ་བསྒྲགས་སློབ་གསོ་སྤེལ་ནས་སྤྲུལ་སྐུ་ཆེ་ཁག་གི་ཡང་སྲིད་ངོས་འཛིན་ཐད“རྒྱལ་ནང་གི་ཡང་སྲིད་འཚོལ་བ་དང་། གསེར་བུམ་དཀྲུགས་འདོན། ཀྲུང་དབྱང་གི་ཆོག་མཆན་འགོད་པའི”ལོ་རྒྱུས་ཀྱི་གཏན་འཁེལ་དང་ཆོས་ལུགས་ཀྱི་ཆོ་ག་དེ་ཉིད་ཤེས་རིག་དང་། ལོ་རྒྱུས། རིག་གནས་ཤིག་ཏུ་བརྩིས་ནས་བསམ་བློ་དང་བྱ་སྤྱོད་ཐོག་དོན་འཁྱོལ་བྱེད་དགོས།“ཁ་སྣོན་མི་བྱེད་པ་གསུམ”དང“གཏན་ནས་བྱ་མི་ཆོག་པ་གསུམ”གྱི་བླང་བྱ་མཐའ་གཅིག་ཏུ་དོན་འཁྱོལ་ཡག་པོ་བྱས་ཏེ། ཆོས་སྲོལ་འཛུགས་སྐྱོང་དང་རང་ངོས་དོ་དམ་ལ་ཤུགས་སྣོན་བརྒྱབ་ནས་གྲྭ་བཙུན་གྱི་སེམས་ཤུགས་དེ་ཐོས་བསམ་སློབ་གཉེར་དང་། སྒོམ་སྒྲུབ་ཉམས་ལེན། རྣམ་དཀར་དགེ་སྒྲུབ་ཡོང་བར་ཁྲིད་སྟོན་བྱས་ཏེ་ཆོས་ལུགས་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་ཧུར་ཐག་གིས་ཁྲིད་སྟོན་བྱེད་དགོས་པའི་སྐུལ་ལྕག་བཏང་ཡོད།
གཱ་ཐ་ཤང་དང་། ཞེ་གཞུང་ཤང་། སྤ་ཟླ་ཤང་། ཁྲི་རྡོ་གྲོང་རྡལ། སེར་ཚ་ཤང་། སྟེང་ཆེན་གྲོང་རྡལ། བསམ་མདོ་ཤང་། ས་སྒང་ཤང་བཅས་སུ་ཀུང་ཧུའེ་ཚའེ་གཞུང་ལས་ས་གནས་དང་ལས་བཟོ་པའི་ཟ་ཁང་དུ་ཕེབས་ཏེ་ཤང་གྲོང་ལས་བྱེད་པ་དང་བྱམས་བརྩེའི་གླེང་མོལ་གནང་ཞིང་གཞི་རིམ་ལས་བྱེད་པའི་ལས་དོན་དང་འཚོ་བའི་གནས་ཚུལ་ཕྱོགས་ཡོངས་ནས་ཤེས་རྟོགས་བྱས་ཡོད། ཁོང་གིས་གཞི་རིམ་བཅོས་སྐྱོང་རྒྱུན་མཐུད་ངང་གཏིང་ཟབ་ཏུ་གཏོང་དགོས་ཞེས་ནན་བཤད་གནང་ཡོད།
བརྟག་ཞིབ་བྱེད་རིང་ཀུང་ཧུའེ་ཚའེ་ཡིས་ད་དུང་ཁྲི་རྡོ་གྲོང་རྡལ་བ་ལྡན་གྲོང་ཚོར་ནགས་ཚལ་སྐོར་ཞིབ་ལས་དོན་སྤེལ་བ་དང་། སྟེང་ཆེན་རྫོང་གི་བཙོག་ཆུ་གཙང་སེལ་བཟོ་གྲྭར་བསྐྱོད་དེ་གྲོང་ཁུལ་གྱི་བཙོག་ཆུ་བསྡུ་རུབ་དང་གཙང་སེལ་བྱས་ཚུལ་ལ་བརྟག་ཞིབ་གནང་བ་རེད།