འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ5ཚེས16ཉིན་གྱི་ཕྱི་དྲོ། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་གྲོང་ཨུད་ཧྲུའུ་ཅི་ཀུང་ཧུའེ་ཚའེ་ཡིས་མའེ་ཧྲན་གྲོང་ཁྱེར་གྱི་ལས་དོན་ཚོགས་ཆུང་དང་བཞུགས་མོལ་གནང་བ་རེད།
ཀུང་ཧུའེ་ཚའེ་ཡིས་མའེ་ཧྲན་གྲོང་ཁྱེར་སྲིད་གཞུང་གི་གྲོང་སྤྱི་གཞོན་པ་ལིས་ཅན་ཤུན་དང་བཅས་པའི་ལས་དོན་ཚོགས་ཆུང་ཆབ་མདོར་བརྟག་ཞིབ་ཕེབས་པར་དགའ་བསུ་དང་། མའེ་ཧྲན་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་དུས་ཡུན་རིང་པོའི་ནང་ཆབ་མདོའི་ལས་དོན་ལ་རོགས་རམ་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་པ་རེད། ཀུང་ཧུའེ་ཚའེ་ཡིས་ཉེ་བའི་ལོ་ཤས་རིང་ཆབ་མདོ་གྲོང་ཨུད་ཀྱིས་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་མཐའ་གཅིག་ཏུ་ལག་བསྟར་དོན་འཁྱོལ་བྱེད་པ་དང་། ཧྲུའུ་ཅི་ཝང་ཅུན་ཀྲེང་དང་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་བླང་བྱ་ལྟར། ཆབ་མདོ་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་སྤེལ་བཏང་བས་གྲུབ་འབྲས་གསར་པ་ཐོབ་ནས་སྤྱི་ཚོགས་བརྟན་ལྷིང་དང་དཔལ་འབྱོར་གོང་འཕེལ། མི་རིགས་མཐུན་སྒྲིལ། སྐྱེ་ཁམས་ལེགས་པ། མི་དམངས་བདེ་སྡོད་ལས་བརྩོན་བཅས་ཀྱི་རྣམ་པ་བཟང་པོ་གཏོད་ཡོད་ཅེས་བསྟན།
ཀུང་ཧུའེ་ཚའེ་ཡིས་མིག་སྔར་ཆབ་མདོ་ཡིས་ཀྲུང་དབྱང་གིས་དུས་རབས་གསར་པའི་ནུབ་རྒྱུད་གསར་སྤེལ་ཆེན་པོའི་སྲིད་ཇུས་ལ་རྒྱབ་སྐྱོར་བྱེད་པའི་གོ་སྐབས་ལ་དམ་འཛིན་བྱས་ནས་ཆབ་མདོའི་ཕྱི་ཕྱོགས་སྒོ་དབྱེའི་སྐར་ཁུང་ཞིག་ཏུ་བསྐྲུན་ཡོད།
མའེ་ཧྲན་གྲོང་ཁྱེར་དང་ལྷག་པར་དུ་མའེ་ཧྲན་ཐེན་ཧྥུའུ་ཁུལ་གསར་ནི་ཁྲེང་ཏུའུ་དང་ཁྲུང་ཆིང་གྲོང་ཁྱེར་གཉིས་ཀྱི་དཔལ་འབྱོར་མུ་ཁྱུད་ཀྱི་ལྟེ་བའི་བང་རིམ་དུ་གནས་པ་དང་ས་ཁོངས་ཀྱི་ལེགས་ཆ་མངོན་གསལ་དོད་པོ་ཡོད་ལ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད། གྲོང་ཁྱེར་གཉིས་ཀྱིས་ལག་གདང་སྦྲེལ་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་མཉམ་ལས་སྔར་བས་གཏིང་ཟབ་ཏུ་བཏང་ནས་ཆབ་མདོ་དེ་ཁྲེང་ཏུའུ་དང་ཁྲུང་ཆིང་གྲོང་ཁྱེར་གཉིས་ཀྱི་དཔལ་འབྱོར་མུ་ཁྱུད་ནང་དེ་བས་ལེགས་པའི་སྒོ་ནས་འདྲེས་རྒྱུར་སྐུལ་འདེད་གཏོང་བ་དང་། དམངས་འཚོ་འགན་སྲུང་དང་ལེགས་སུ་གཏོང་རྒྱུ་གཙོ་གནད་དུ་བཟུང་སྟེ་སྤྱི་ཚོགས་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་ནས་ས་གནས་གཉིས་ཀྱི་མི་དམངས་ལ་ཕན་པ་སྔར་ལས་ཡག་པོ་ཡོང་བར་བྱེད་དགོས་ཤིང་། ཁྱབ་ཁོངས་ཁག་དང་ལས་རིགས་ཁག་གི་མི་སྣ་འགྲོ་འོང་དང་རིག་གནས་སྤེལ་རེས་བྱེད་ཤུགས་ཆེ་རུ་གཏོང་ནས་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་ཚོགས་པའི་འདུ་ཤེས་ཐུན་མོང་ཐོག་སྲ་བརྟན་དུ་གཏོང་དགོས་ཞེས་ནན་བཤད་གནང་ཡོད།
ལིས་ཅན་ཤུན་གྱིས་ད་ཐེངས་ཀྱི་རྟོག་ཞིབ་སྐོར་གྱི་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་གནང་ཡོད་པ་མ་ཟད། མའེ་ཧྲན་གྲོང་ཁྱེར་གྱིས་ཆབ་མདོ་དང་མཉམ་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་བཀོད་སྒྲིག་བླང་བྱ་ཁྱོན་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་ནས་ཕན་ཚུན་རྒྱབ་སྐྱོར་དང་མཉམ་འགུལ་འཕེལ་རྒྱས་བཏང་སྟེ་སི་ཁྲོན་ནས་བོད་ལ་འགྲིམ་འགྲུལ་དྲ་རྒྱ་ཕན་ཚུན་འབྲེལ་མཐུད་བྱེད་པ་དང་། ཁྱད་ལྡན་ལེགས་ཆ་ལྡན་པའི་རིག་གནས་ཡུལ་སྐོར་ཐོན་ཁུངས་གསར་སྤེལ་བེད་སྤྱོད་བྱེད་པ། ཁྱད་ལྡན་ལེགས་ཆ་ལྡན་པའི་ཐོན་ལས་མཉམ་འདྲེས་འཕེལ་རྒྱས་སོགས་ཀྱི་ལས་དོན་ལ་མཉམ་ལས་སྐུལ་འདེད་གཏོང་ནས་མཉམ་ལས་འཕེལ་རྒྱས་ལ་གྲུབ་འབྲས་དེ་བས་གཡུར་དུ་ཟ་བ་ཐོབ་པ་བྱེད་འདོད་ཡོད་ཅེས་བཤད་པ་རེད།